ནིའུ་ཡོག་ཏུ་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག

༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ལས་ཁུངས་ཉེ་འགྲམ་དུ་ཚོང་ཁང་ཆེན་པོ་ཞིག་ཡོད་པ་དེའི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་འདུག

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༦༩ འཁོར་བ་དང་། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༨ འཁོར་བའི་ཉིན་མོ་དང་བསྟུན། ཨ་རི་དང་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་། དེ་བཞིན་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་བཅས་ཀྱི་གོ་སྒྲིག་འོག  ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བྱང་ཨ་རི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་འདུ་འཛོམས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་དང་སྤྱི་འཐུས་ཕྱག་མཛོད་ཚང་པདྨ།  སྐུ་མགྲོན་དུ་བདག་ཉིད་ཆེན་མོ་གཱན་དྷིའི་ཚ་བོ་རཱཇ་མོ་ཧན་གྷན་དྷི། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོ་སོགས་མཛད་སྒོར་མཉམ་ཞུགས་གནང་ནས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་འདུག

མཛད་སྒོའི་ཐོག་སྐུ་ཞབས་རཱཇ་མོ་ཧན་གྱིས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཁོང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ།   དེ་བཞིན་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་སྐོར་སོགས་གསུངས་འདུག

དེ་བཞིན་རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོས་བོད་མི་རང་སྲེག་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་དེར་སེམས་འཚབ་ཧ་ཅང་ཡོང་བཞིན་ཡོད་པ།  བོད་མིའི་སྒྲིག་འཛུགས་ཀྱི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གི་གནས་སྟངས་ཇི་ཡིན་ལ་ལྟོས་མེད་རྒྱ་རིགས་མང་ཚོགས་རྣམས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྟབས།  བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་འགོ་འཁྲིད་བཞིན་པའི་དམར་པོའི་སྲིད་གཞུང་དང་རྒྱ་ནག་མི་མང་དབར་དབྱེ་འབྱེད་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་རཱི་ཆཌ་སྒེར་ མཛད་སྒོར་མཉམ་ཞུགས་གནང་ཐུབ་མེད་ཀྱང་ཁོང་གིས་ཕྱག་བྲིས་ཤིག་ཕུལ་བ་དེ་སྒྲོགས་སྦྱང་གནང་འདུག   དེའི་ནང་ཁོང་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཡོད་པ་དང་། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་༸གོང་ས་མཆོག་གི་དགོངས་པ་དང་།  གཞིས་ལུས་བོད་མིའི་རེ་བ་དང་མངོན་འདོད་རྣམས་སྒྲུབ་ཐབས་གནང་གལ་ཆེ་བ། དེའི་ཆེད་ཚང་མས་རྡོག་གཅིག་ལ་བསྒྲིལ་རྒྱུ་གལ་ཆེ་ཡིན་པ་དང་།  ལྷག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིར་སེམས་ཁུར་དང་ཤ་ཚ་ཧ་ཅང་ཡོད་མཁན་མང་པོ་ཡོད་པ་མ་ཟད།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་མཚོན་ནའང་མཐའ་གཅིག་ཏུ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཐོག་བོད་དོན་ལས་འགུལ་རུ་ངར་ལྡན་པའི་ཐོག་ནས་སྤེལ་བཞིན་ཡོད་སྐོར་སོགས་འཁོད་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་༸གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་། ལྷག་པར་བོད་མི་ས་ཡ་དྲུག་རྣམས་བྱམས་བརྩེའི་གཟིགས་པ་ཆེན་པོའི་འོག་ད་བར་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཀྱི་མཛད་རྗེས་དྲན་གསོ་དང་སྦྲགས།     བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་སྒེར་གྱི་དང་བླངས་ལས་འགུལ་སྤེལ་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་བཙོན་འཇུག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་བཙོན་ཁང་ནང་སྨན་བཅོས་སོགས་ཀྱི་མཐུན་འགྱུར་མ་ཕུལ་བར་བརྟེན་དུས་མིན་རྐྱེན་ལམ་དུ་བཏང་བ་སོགས་ལུང་འདྲེན་དང་སྦྲགས།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དཔེར་ན་གསེར་རྟ་གླ་རུང་སྒར་ནང་གྲྭ་ཤག་གཏོར་བཤིག་བཏང་ནས་གྲྭ་བཙུན་གྱི་ཞལ་གྲངས་ལ་ཚད་བཀག་བཟོ་བཞིན་པ། ཕྱིར་འབུད་བཏང་བའི་དགེ་བཙུན་རྣམས་ལ་བཙན་ཐབས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་བོད་མིའི་སེམས་ཁམས་ལ་གནོད་པའི་ལས་གཞིའི་རིགས་ཆེད་མངགས་སྤེལ་བཞིན་པ།  དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྔ་རྗེས་སྤེལ་བ་རྣམས་དྲན་གསོ་དང་སྦྲགས།  བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སླད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་ཁོ་ནའི་གནད་དོན་ཞིག་རྩ་བ་ནས་མིན་པར། འཛམ་གླིང་སྤྱིའི་གནད་དོན་དང་འབྲེལ་བ་ཧ་ཅང་ཡོད་པ་ནི་དཔེར་ན་ཁོར་ཡུག་གི་གནད་དོན་ལྟ་བུར་མཚོན་ན།  བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་ཞིང་།  བོད་ཀྱི་གཙང་པོ་དེ་དག་ལ་འཛམ་གླིང་མི་འབོར་ཐེར་འབུམ་ལྷག་གིས་འཚོ་རྟེན་བྱེད་བཞིན་ཡོད་སྟབས་རང་བཞིན་གྱིས་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་དང་།  བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐབས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་ཞིག་གཏོང་བཞིན་ཡོད་པ། འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ནས་ལས་འགུལ་སྤེལ་མཁན་བོད་མི་ཚོ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་མ་གནང་བ་ཡིན་ན།  འགྲོ་བ་མིའི་ཐོབ་ཐང་ལའང་རྒྱབ་སྐྱོར་མ་གནང་བ་ཞིག་ཆགས་རྒྱུ་མ་ཟད། མང་གཙོ་དང་འཚེ་མེད་ཞི་བར་ཡང་རྒྱབ་སྐྱོར་མ་གནང་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས།

ཉིན་རྒྱབ་ལས་འགུལ་བ་རྣམས་ཀྱིས་ས་གནས་དེ་ནས་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་གོམ་བགྲོད་པ་རྣམས་ཀྱི་ལག་ཏུ་སྦྱར་ཡིག་འཁྱེར་བའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་དགོས། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་འཁོད་ཡོད་པ་དང་། གོམ་བགྲོད་པ་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འབྱོར་མཚམས་ནིའུ་ཡོག་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་རྒྱ་རིགས་སྐུ་ཞབས་མཱིང་ཞིཡ་ Prof. Ming Xia དང་། རྒྱ་རིགས་མཁས་དབང་སྐུ་ཞབས་ཡང་ཇེ་ལིན་Dr. Yang Jianli གཉིས་ཀྱིས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མི་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་ལ་རྒྱ་རིགས་མང་ཚོགས་རྣམས་ཀྱིས་འཚེ་མེད་ཞི་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་བཞིན་པ་མ་ཟད། འབྱུང་འགྱུར་འཚེ་མེད་ཞི་བའི་སྤྱི་ཚོགས་སྐྲུན་མཁན་རེ་བའི་མིག་བུ་ལྟ་བུར་ངོས་འཛིན་ཞུ་བཞིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་ཡོད་འདུག

སྤྱིར་ཐེངས་འདིར་ནིའུ་ཡོག་གྲོང་ཁྱེར་ཙམ་དུ་མ་ཟད། བོད་མི་གནས་སྡོད་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་བོད་དོན་ཆེད་ལས་འགུལ་རིགས་འདྲ་མིན་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།