ནིའུ་ཡོག་རྒྱ་དམར་གཞུང་ཚབ་མདུན་དུ་ཚེས་༡༠ ལས་འགུལ་ཐེངས་༡༨ པ་དེ་སྤེལ་འདུག
ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡༠ ཉིན། གནམ་གཤིས་གྲང་ངར་ཆེ་ན་ཡང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་གི་མདུན་དུ་“ཚེས་༡༠ ལས་འགུལ་”ཐེངས་༡༨ པ་དེ་སྤེལ་འདུག

ལས་འགུལ་འདིའི་ཐོག་ས་གནས་བོད་མི་ཁག་ཅིག་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་བཟུང་སྟེ། བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་ཞེས་དང་། བོད་ནང་གི་མི་རིགས་རྩ་མེད་གཏོང་རྒྱུ་དང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་དང། ༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པ་་ཤོག རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་ཞེས་འབོད་ཚིག་སྣ་ཚོགས་བསྒྲགས་ནས་ངོ་རྒོལ་བྱས་འདུག
རྩ་བས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་རྣམས་ཀྱིས་ཕྱི་ལོ་༢༠༢༤ ཟླ་༦ པའི་ནང་འགན་བཞེས་རྗེས། གོ་བསྡུར་རིམ་པ་བྱས་པ་བརྒྱུད་ལོ་དེའི་ཕྱི་ཟླ་༨ པ་ནས་བཟུང་ཟླ་རེའི་ཚེས་༡༠ ཉིན་ལས་འགུལ་སྤེལ་འགོ་བཙུགས་ཞིང་། ལས་འགུལ་འདི་ནི་གནམ་གཤིས་གྲང་ངར་དང་། མི་མང་ག་ཚོད་ཡོང་མིན་ལ་མ་ལྟོས་པར་རྒྱུན་འཁྱོངས་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། ད་བར་གོམ་འགྲོས་དང་། རྒྱང་རྒྱུགས། རྒྱ་དམར་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས་ཡིན་འདུག
ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་སྲོག་ཀྱང་ཕངས་མེད་དུ་བཏང་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རྗེས་དྲན་ཞུ་རྒྱུ་དང་། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས་དེ་མུ་མཐུད་དུ་མི་ཉམས་པ་རྒྱུན་འཛིན་བྱེད་རྒྱུའི་ཆེད་དུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
