པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་མང་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ་བ།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༤ ཉིན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་(Democracy Service Medal )གིས་ཕྱི་ལོ་༢༠༢༥ ལོའི་མང་གཙོ་ཞབས་ཞུའི་གཟེངས་རྟགས་དེ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཕུལ་འདུག ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་ཚབ་ཏུ་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེས་གཟེངས་རྟགས་དེ་བཞེས་ཡོད་འདུག

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཨ་རིའི་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གི་ཚོགས་གཙོ་ཌེ་མོན་ཝིལ་སོན་གྱིས་གཙོ་སྐྱོང་བྱས་ཡོད་པ་དང་། མཛད་སྒོའི་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་གཉིས་ཀྱང་མཉམ་ཞུགས་བྱས་ཡོད་འདུག
གཟེངས་རྟགས་འབུལ་བཞེས་དང་འབྲེལ། ༧གོང་ས་མཆོག་གིས་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་མང་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ་པའི་གནས་ཚུལ་གསན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། མགོན་པོ་གང་ཉིད་ཀྱིས་བདེན་པའི་སྟོབས་ཤུགས་ལ་ཡིད་ཆེས་མཛད་ཀྱི་ཡོད་པ་དང་། ཕུགས་རྒྱང་རིང་པོར་བདེན་པ་ནི་རྒྱལ་ཁ་ཐོབ་མཁན་ཡིན་པར་བརྟེན། ངོས་ནས་ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་མཆོག་ལ་ཆེ་མཐོང་དང་རང་དབང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་འདུག
གཟེངས་རྟགས་འབུལ་བཞེས་མཛད་སྒོའི་སྐབས། བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེས་འཛམ་གླིང་གི་མི་མང་གིས་ཤེས་གསལ་ལྟར། དད་པ་ནི་རྨད་བྱུང་གི་ཁྱབ་ཁོངས་ཤིག་ཡིན། དེ་ནི་རང་དབང་གི་རྨང་གཞི་ཡིན། དེ་ནི་ཆབ་སྲིད་ཀྱི་དབང་ཤུགས་ཀྱིས་བཙན་འགེལ་བྱེད་མི་ཐུབ་པ་དང་ཚོད་འཛིན་བྱེད་མི་ཐུབ། མི་རྣམས་ཀྱིས་རང་གི་ཡིད་ཆེས་ལ་བརྟེན་ནས་དོན་སྙིང་དང་། གུས་བརྩི། འགྱུར་བ་མེད་པའི་ཆོད་སེམས་རྙེད་སྐབས། བཙོན་ཁང་དང་། དམག་དཔུང་། སྲིད་གཞུང་གང་གིས་ཀྱང་དེ་མེད་པ་བཟོ་མི་ཐུབ་ཅེས་བརྗོད་འདུག
གཟེངས་རྟགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ། གཟེངས་རྟགས་འདིས་བོད་མི་རྣམས་ལ་ཕྱི་ནས་ཐེ་བྱུས་མེད་པའི་སྒོ་ནས་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་པའི་ཐོབ་ཐང་ངོས་འཛིན་གནང་གི་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བྱས་པ་དང་། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བཙན་ཁྲིད་བྱས་ནས་ལོ་ངོ་༣༠ འཁོར་བའི་དྲན་གསོ་ཞུ་བ་ཞིག་ཡིན་ཞེས་འཁོད་འདུག
རྩ་བའི་ཨ་རིའི་རྒྱལ་ཡོངས་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༠ ལོར་༧གོང་ས་མཆོག་དང་། ཕྱི་ལོ་༢༠༡༦ ལོར་རྒྱ་གཞུང་གི་བཙོན་འོག་ཏུ་འདས་གྲོངས་ཕྱིན་པའི་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོོ་ཆེ་མཆོག དེ་བཞིན་ཕྱི་ལོ་༢༠༢༤ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ལ་ཕུལ་མྱོང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
