བོད་ནང་གི་གླུ་པ་གངས་བཞུགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་འདུག

ཟླ་འདིའི་ཚེས་༢ ཉིན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ཟླ་༡ ཚེས་༢ ཉིན། བོད་ནང་གི་ཞོགས་པའི་ཆུ་ཚོད་༣དང་སྐར་མ་༡༨ ཡས་མས་ཐོག་བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་སྙུན་གཞིའི་དབང་གིས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁོང་ནི་ཕྱི་ལོ་༡༩༧༣ ཟླ་བ་༩ ཚེས་༡༥ ཉིན་ཨ་མདོ་རྔ་བ་རུ་སྐྱེས་ཤིང་། སི་ཁྲོན་རོལ་དབྱངས་སློབ་གླིང་ནང་རོལ་དབྱངས་ཆེད་ལས་ཐོག་བསླབ་མཐར་ཕྱིན་ཡོད་པའི་བོད་ཀྱི་གཞས་པ་རྒན་གྲས་ཤིག་ཆགས་འདུག་པ་དང་། གཞས་པ་གངས་བཞུགས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་ཟླ་འོད་འོག་གི་པོ་ཏ་ལ། མཛེས་པའི་མཁུར་ཚོས་དམར་པོ། གངས་ལྗོངས། སེམས་པའི་ལོག་མལ། སྙིང་ཁོང་གི་འབོད་པ། འཛོམས་པ་ཡག་མོ་སོགས་གཞས་དུ་མ་ཞིག་ཡོད་འདུག ལྷག་པར་དུ་ཁོང་གི་གླུ་གཞས་ཟླ་འོད་འོག་གི་པོ་ཏ་ལ་དང་འཛོམས་པ་ཡག་མོ་བཅས་ལ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་མྱོང་ཡོད་འདུག

བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་སྨན་བླ་སྐྱབས་ཀྱིས་འཕྲིན་ཕྲན་ཐོག “ཁོང་ནི་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཡི་སློབ་ཕྲུག་ཐོག་མ་དེ་ཡིན་ཞིང་། ཁོང་གི་ཞབས་རྗེས་བོད་ས་སྟོད་སྨད་བར་གསུམ་ཀུན་ཏུ་བཞག་མྱོང་ལ། དེ་བཞིན་མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་ཀྱང་མང་པོ་བསྐྱངས་ཡོད། བོད་ཀྱི་གླུ་བ་གྲགས་ཅན་གངས་བཞུགས་ལགས་ལ་ནད་གཞི་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་༢༠༢༤ ལོའི་སྤྱི་༡ ཚེས་༢ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༣།༡༨ ཐོག་གློ་བུར་དུ་སྐུ་གྲོངས་པ་ལ་ཕངས་སེམས་བཟོད་གླགས་མེད་ཀྱང་། ཁོང་གི་ཕ་མ་སྤུན་མཆེད་དང་སློབ་བུ་དང་དགའ་ཉེ་དག་ནས་མྱ་ངན་དང་གདུང་སེམས་བསྲི་རོགས་ཞུ་རྒྱུ་ལས་ཐབས་གཞན་ཅི་ཨང”ཞེས་འཁོད་འདུག

ཉེ་ཆར་བོད་ཀྱི་གཞས་པ་ཀུན་དགའ་ཡིས་དྲ་ཐོག་གླུ་གཞས་འགྲན་བསྡུར་ཞིག་གོ་སྒྲིག་བྱས་འདུག་པ་དང། ཁོང་དང་དབྱངས་ཅན་ལྷ་མཛེས་དེའི་དཔྱད་འདེམས་པ་གནང་བཞིན་པ་ཡིན་འདུག གཞས་པ་ཁོང་ཉིད་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར་བརྟེན། བོད་ནང་གཙོས་པའི་གཞས་པ་དང་སྒྱུ་རྩལ་བས་མཚོན་ཕྱོགས་གང་སར་ནས་ཁོང་ལ་དགའ་མོས་བྱེད་མཁན་རྣམས་ཀྱིས་ཕངས་སེམས་དང་བཅས་ཁོང་ལ་མྱ་ངན་ཞུ་བཞིན་ཡོད་པའི་བརྙན་དང་པར་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་མང་པོའི་ནས་མཐོང་རྒྱུ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།