རྒྱ་གར་ཕྱི་བསྐྱོད་ལག་དེབ་ཞུས་མཁན་བོད་པ་རྣམས་ཡང་བསྐྱར་སྐྱབས་བཅོལ་བྱེད་ཆོག་ཟེར།

རྒྱ་གར་ཕྱིར་བསྐྱོད་ལག་དེབ་ཡོད་བཞིན་དུ་ངོ་སྤྲོད་ལག་འཁྱེར་(དེབ་སེར་པོ་)འཛིན་མཁན་ཁ་ཤས་འདུག འདི་ནི་རྒྱ་གར་གྱི་ཁྲིམས་དང་འགལ་བ་རེད། ཁོང་ཚོས་དེ་གཉིས་གང་རུང་ཞིག་འདེམས་དགོས་རེད། གང་རུང་བདམས་ན་ཉེས་ཆད་གཅོད་རྒྱུའི་སྐད་ཆ་གང་ཡང་ཡོད་མ་རེད་ཅེས་རྒྱ་གར་གཞུང་གིས་ལས་བྱེད་ཅིག་གིས་བརྗོད་ཡོད་འདུག

ཧིན་རྡུ་སི་ཐན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་བོད་མི་རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་ཡོད་མཁན་རྣམས་ཀྱིས། བོད་པ་རྣམས་ཕྱི་རྒྱལ་དུ་འགྲོ་སྐབས་སུ་བེད་སྤྱོད་བྱེད་བཞིན་པའི་དེབ་སེར་པོའམ་ངོ་སྤྲོད་ལག་འཁྱེར་(IC)ཡང་བསྐྱར་འཛིན་ཆེད་དུ། ཉེས་ཆད་གང་ཡང་མེད་པའི་ཐོག་ནས་རྒྱ་གར་གྱི་ཕྱིར་བསྐྱོད་ལག་དེབ་རྒྱ་གར་གཞུང་ལ་ཕྱིར་སློག་ཆོག་པའི་ཐག་གཅོད་བྱས་ཡོད་འདུག་པ་དང་། སྤྱིར་རྒྱ་གར་གྱི་ཁྲིམས་ཐོག་ནས་གང་ཟག་སུ་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་ཚེ། གང་ཟག་དེ་ཉིད་རྒྱལ་ཁབ་གཞན་གྱི་མི་སེར་བྱེད་ཆོག་གི་མེད་པ་རེད།

ཐག་གཅོད་འདི་ནི་རྒྱ་གར་དུ་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མི་སྤྱི་ཡོངས་ཀྱིས་ཕྱི་བསྐྱོད་ལག་དེབ་ཏུ་བེད་སྤྱོད་བྱེད་བཞིན་པའི་དེབ་སེར་པོ་མེད་པ་བཟོ་འདོད་མེད་ཅིང་། རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་ཡོད་མཁན་བོད་པ་མང་པོ་ཞིག་གིས་རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་རྒྱ་གར་གཞུང་ལ་རྩིས་འབུལ་ཞུ་རྒྱུར་སྒུག་སྟེ་བསྡད་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

རྒྱ་གར་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་རག་གི་ཡོད་ཀྱང་། དེ་བླངས་ཚེ་སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ལ་རྩིས་འབུལ་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་གར་གཞུང་གི་ལས་བྱེད་ཚོས་བོད་པ་འགའ་ཞིག་གིས་རྒྱ་གར་ཕྱི་བསྐྱོད་ལག་དེབ་དང་། བོད་པའི་དེབ་སེར་པོ་གཉིས་ཀ་འཛིན་བཞིན་ཡོད་པ་མཐོང་ཡོད་འདུག་པ་དང་། དེ་གཉིས་ཀ་འཛིན་རྒྱུ་ནི་རྒྱ་གར་གྱི་ཁྲིམས་ཐོག་ནས་གནང་བ་མེད་པ་ཞིག་ཡིན་སྟབས། ལག་དེབ་སེར་པོ་མེད་པ་བཟོ་འདོད་མེད་མཁན་རྣམས་ཀྱིས་རྒྱ་གར་ཕྱིར་བསྐྱོད་ལག་དེབ་རྒྱ་གར་གཞུང་ལ་རྩིས་འབུལ་ཞུ་དགོས་ཀྱི་ཡོད་པ་རེད།

གནད་དོན་འདི་དང་འབྲེལ་བའི་ཐོག་རྒྱ་གར་གཞུང་གི་ལས་བྱེད་ཅིག་གིས་“གལ་སྲིད་བོད་པ་སྐྱབས་བཅོལ་བ་ཞིག་གིས་རྒྱ་གར་ཕྱི་བསྐྱོད་ལག་དེབ་རྩིས་འབུལ་ཞུ་འདོད་ན། ཉེས་ཆད་ཀྱིས་མཚོན་པའི་དཀའ་རྙོག་གང་ཡང་མེད་པའི་ཐོག་ནས་རྩིས་འབུལ་ཞུ་ཆོག་ལ། ཁོང་རང་ཚོའི་ངོ་སྤྲོད་ལག་དེབ་ཀྱང་(དེབ་སེར་པོ་)གནང་གི་རེད་”ཅེས་དང་། དེ་བཞིན་ལས་བྱེད་དེས་ཉེ་ཆར་“མི་༣༠ ཡས་མས་ཀྱིས་རྒྱ་གར་ཕྱིར་བསྐྱོད་ལག་དེབ་མེད་པ་བཟོ་རྒྱུའི་རེ་སྐུལ་ཞུས་བྱུང་”ཞེས་བརྗོད་ཡོད་འདུག

ཡང་ལས་བྱེད་གཞན་ཞིག་གིས་“རྒྱ་གར་ཕྱིར་བསྐྱོད་ལག་དེབ་ཡོད་བཞིན་དུ་ངོ་སྤྲོད་ལག་འཁྱེར་(དེབ་སེར་པོ་)འཛིན་མཁན་ཁ་ཤས་འདུག འདི་ནི་རྒྱ་གར་གྱི་ཁྲིམས་དང་འགལ་བ་རེད། ཁོང་ཚོས་དེ་གཉིས་གང་རུང་ཞིག་འདེམས་དགོས་རེད། གང་རུང་བདམས་ན་ཉེས་ཆད་གཅོད་རྒྱུའི་སྐད་ཆ་གང་ཡང་ཡོད་མ་རེད་”ཅེས་བརྗོད་ཡོད་འདུག བོད་པ་རྒྱ་གར་གྱི་ཕྱིར་བསྐྱོད་ལག་དེབ་ཞུས་ཟིན་མཁན་གྱི་གྲངས་ཐོ་ཏག་ཏག་ཅིག་གསལ་མེད་འདུག་ཀྱང་། གཞུང་གི་ལས་བྱེད་ཚོས་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་སྐོར་བརྗོད་བཞིན་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་ལྡི་ལིའི་ཁྲིམས་ཁང་ཞིག་གིས་བསྒྲགས་པའི་བཀའ་རྒྱ་དང་མཐུན་པར། འདི་ལོའི་ཕྱི་ཟླ་༣ པའི་ནང་། རྒྱ་གར་ཕྱི་འབྲེལ་ལྷན་ཁང་གིས་ཕྱི་ལོ་༡༩༥༠ ལོའི་ཕྱི་ཟླ་༡ པོའི་ཕྱི་ཚེས་༢༦ ནས་ཕྱི་ལོ་༡༩༨༧ ལོའི་ཕྱི་ཟླ་༦ པའི་ཕྱི་ཚེས་༡ བར་དུ་རྒྱ་གར་ནང་སྐྱེས་མཁན་གྱི་བོད་པ་རྣམས་རྒྱ་གར་མི་སེར་དུ་ངོས་འཛིན་བྱེད་རྒྱུ་ཡིན་པ་དང་། དེ་མཚུངས་རྒྱ་གར་མི་སེར་ལག་འཁྱེར་ཐོབ་ཆེད་སྙན་ཞུ་འབུལ་ཆོག་སྐོར་བརྗོད་ནས། བོད་པ་རྣམས་ལ་རྒྱ་གར་ཕྱི་བསྐྱོད་ལག་དེབ་སྤྲོད་བཞིན་ཡོད་པ་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།