རྒྱ་ནག་གཞུང་གིས་༧རྒྱལ་བ་ཀརྨ་པའི་མཛད་འཕྲིན་ལ་ངོ་རྒོལ།
དཔལ་༧རྒྱལ་བ་ཀརྨ་པ་མོན་རྟ་དབང་དུ་ཕེབས་རྗེས་རྒྱ་གར་གཞུང་ནས་ས་མཚམས་ཀྱི་གནད་དོན་དེ་རྩོད་རྙོག་ཅན་དུ་བཟོ་གཞིའི་བྱ་སྤྱོད་མ་སྤེལ་རོགས་ཞེས་རྒྱ་ནག་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པས་བརྗོད་ཡོད་འདུག
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༥ ཉིན་རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པ་ལོའུ་ཁང་(Lu Kang) གིས་གསལ་འགོད་གསལ་བསྒྲགས་ཤིག་ནང་བརྗོད་དོན་དུ་“རྒྱ་གར་གྱིས་ས་མཚམས་ཀྱི་གནད་དོན་དེ་རྩོད་རྙོག་ཅན་དུ་བཟོ་གཞིའི་བྱ་སྤྱོད་མི་སྤེལ་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་དང་། “ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་། ཁེ་ཕན་གོང་འཕེལ་ཡོང་ཕྱིར་ངེས་པར་དུ་ས་མཚམས་ཁུལ་བརྟན་བརླིང་དང་། ཞི་བདེ་བག་ཕེབས་ཡོད་པ་བཟོ་དགོས་”ཞེས་བརྗོད་ནས། ཟླ་སྔོན་མའི་ཚེས་༢༨ ནས་བཟུང་ཉིན་ཤས་རིང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ལུང་པ་མོན་རྟ་དབང་དུ་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་བར་ངོ་རྒོལ་བྱས་ཡོད་འདུག
ཨ་རུ་ན་ཅལ་མངའ་སྡེ་ནི་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་རྗེས། རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་ཆགས་ཡོད་པ་དང་། ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་དེ་གར་བཙན་འཛུལ་བྱས་ནས་ཕྱོགས་གཉིས་བར་དམག་འཁྲུག་བྱུང་ཡོད་པ་རེད། དུས་ད་ལྟ་ཡང་རྒྱ་ནག་གིས་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། དེ་གར་༧ གོང་ས་མཆོག་ཕེབས་པར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་ཨ་རིའི་གཞུང་ཚབ་པ་དེ་གར་སླེབས་པར་ཡང་སྐྱོན་བརྗོད་བྱས་ཡོད་འདུག་ལ། ད་ཐེངས་དཔལ་༧རྒྱལ་བ་ཀརྨ་པ་དེར་ཕེབས་པ་ལ་ངོ་རྒོལ་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།