རྒྱ་ནག་གཞུང་གིས་འཕྲུལ་རིགས་བེད་སྤྱད་ནས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པར་བརྗོད་འདུག

ད་ཆར་གོ་ལའི་ཁྱོན་ཡོངས་སུ་འཕྲུལ་རིགས་ཧ་ཅང་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་དུ་འཕྲུལ་རིགས་བེད་སྤྱོད་བྱས་ནས་བོད་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་ཡོད་པར་བརྗོད་འདུག་ལ། བོད་ནང་དུ་ཡོད་པའི་སྤྱི་ཚོགས་དྲྭ་རྒྱ་ཁག་ནང་བོད་ཡིག་དང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྙན་སོགས་བཞག་ཚེ་རྒྱ་ནག་གཞུང་གིས་ནག་བསུབ་གཏོང་བ་སོགས་བོད་པའི་རིག་གཞུང་རྩ་བརླག་གཏོང་གི་ཡོད་པར་བརྗོད་འདུག
ཕྱི་ཚེས་༢༧ ཉིན་བོད་གནས་ལྟ་ཞིབ་ཁང་གི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་དོན། (EurAsian Time)ཡོ་རོབ་ཨེ་ཤི་ཡའི་དུས་བབ་ཅེས་པའི་གསར་ཁང་གི་གསར་འགོད་པ་(Aritra Banerjee)་ཟེར་བ་ཁོང་གིས་བོད་ནང་གི་ད་ལྟའི་གནས་སྟངས་གང་འདྲ་ཡིན་མིན་གྱི་སྐོར་རྩོམ་ཡིག་གཅིག་བཀོད་འདུག་ལ། གསར་འགོད་པ་ཁོང་ནི་གཙོ་བོ་བདེ་སྲུང་དང་ཕྱི་སྲིད། མཚོ་དམག འཕྲུལ་རིགས་ཀྱི་སྤྱི་ཚོགས་དྲྭ་རྒྱ། རྒྱལ་སྤྱི་སྤྱི་ཡོངས་ཀྱི་གནས་སྟངས། འགྲོ་བ་མིའི་ཐོབ་ཐང་སོགས་འབྲེལ་བའི་སྐོར་རྩོམ་ཡིག་སྣ་མང་སྤེལ་མཁན་རྒྱ་གར་གྱི་ཉམས་ཞིབ་པ་ཞིག་ཡིན་འདུག་ཅིང་། ཁོང་གིས་ཉེ་ཆར་བོད་ནང་དུ་རྒྱ་ནག་གཞུང་གིས་འཕྲུལ་རིགས་ཀྱི་ལག་ཆ་བེད་སྤྱོད་བྱས་ནས་བོད་ཀྱི་ངོ་བོ་རྩ་བརླག་གང་འདྲ་གཏོང་གི་ཡོད་མེད་དང་། སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་བོད་ཡིག་དང་བོད་པའི་རིག་གཞུང་སོགས་བཀག་འགོག་བྱེད་ཀྱི་ཡོད་པའི་སྐོར་བྲིས་འདུག ཁོང་གིས་ཕྱི་ལོ་༢༠༡༩ ནས་རྒྱ་ནག་གཞུང་གིས་བོད་ནང་འཕྲུལ་རིགས་ཀྱིས་དབང་བསྒྱུར་བྱེད་རྒྱུའི་ཤུགས་ཆེ་རུ་བཏང་ཡོད་པ་དང་། བོད་ནང་གི་བོད་མི་དང་ཕྱི་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་བར་འབྲེལ་ལམ་བཀག་འགོག་སྔར་ལས་ཇེ་ཆེ་བྱེད་ཀྱི་ཡོད་པ། ཕྱི་ལོ་༢༠༢༡ ནས་ད་བར་ཁྱོན་བོད་མི་༦༠ ལྷག་རྒྱ་ནག་གཞུང་གི་ཕྱོགས་སུ་འབྲེལ་བ་བྱས་པ་དང་། པར་དང་བརྙན་སོགས་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་དང་བཀག་ཉར། འདྲི་རྩད་སོགས་བྱས་ཡོད་པར་བརྗོད་ཅིང་།
དམིགས་བསལ་ཕྱི་ལོ་༢༠༢༤ ལོར་འབྲི་ཆུའི་ཁུལ་དུ་ཆུ་མཛོད་གསར་རྒྱག་དང་འབྲེལ་ནས་བོད་མི་༡༠༠༠ ཙམ་འཛིན་བཟུང་བྱང་ཡོད་པར་ཡང་བརྗོད་འདུག
དེ་བཞིན་འཕྲུལ་རིགས་ཀྱིས་བོད་ནང་གི་སྨྲ་བརྗོད་རང་དབང་དང་། འགྲོ་འདུག་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་ལ་དམ་དྲག་དང་བཀག་འགོག་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་དང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་བོད་པའི་དམིགས་བསལ་དུས་ཚིགས་ཁག་ལ་སྤྱི་ཚོགས་དྲྭ་རྒྱར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པར་བརྗོད། ལོ་སྔོན་མར་ཁམས་སྡེ་དགེའི་ནང་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་བོད་མི་མང་པོས་ངོ་རྒོལ་ཆེན་པོ་བྱེད་པའི་སྐབས་སུ་རྒྱ་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་ཁག་བཀག་འགོག་དང་། རྒྱ་ནག་གི་ཉེན་རྟོག་པས་འཕྲུལ་རིགས་བེད་སྤྱོད་བྱས་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག
དུས་རྒྱུན་རྒྱ་ནག་གཞུང་གིས་(The Great Firewall of China)རྒྱ་ནག་གི་མེ་ཡི་ལྕགས་རི་ཆེན་པོ་ཟེར་བའི་དྲྭ་རྒྱ་དེ་བེད་སྤྱོད་བྱས་ནས་རྒྱ་ནག་ཕྱི་ཕྱོགས་ཀྱི་གནས་ཚུལ་རྣམས་རྒྱ་ནག་ནང་དུ་ཡོང་མ་བཅུག་ནས་བཀག་འགོག་བྱེད་ཀྱི་ཡོད་པར་བརྗོད་འདུག དཔེར་ན། (Google, WhatsApp, YouTube )གྷུ་གྷལ་དང་ཝ་ཙེ་ཨབ། ཁྱོད་བརྙན་བཅས་སྤྱི་ཚོགས་དྲྭ་རྒྱ་ཁག་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། བོད་རང་བཙན་དང་༧གོང་ས་མཆོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཐད་གཏོང་བྱེད་དུས་བོད་སྐད་ལས་རྒྱ་སྐད་མི་རྒྱག་ཚེ་ཐད་གཏོང་བཀག་འགོག་བྱེད་པ་སོགས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་དང་ཡི་གེ་རྣམས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པར་བཀོད་འདུག
ཕྱི་ལོ་༢༠༢༤ ཟླ་བ་༧ ནང་རྒྱ་ནག་གཞུང་གིས་གངས་ལྗོངས་ཤེས་རིག་ནོར་གླིང་མི་ལོ་༣༠ རྗེས་སྒོ་བརྒྱབ་ཡོད་པ་དང་། དེ་བཞིན་བོད་ནང་དུ་ཡོད་པའི་བོད་ཡིག་དྲྭ་ཚིགས་མང་པོ་ཞིག་བཙན་གྱིས་སྒོ་རྒྱག་བཅུག་ཡོད་པས། རྒྱ་ནག་གཞུང་གིས་བོད་པའི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཚོ་དམ་དྲག་དང་། འཕྲུལ་རིགས་ཀྱི་ཐོག་ནས་སྤྱི་ཚོགས་དྲྭ་ལམ་དང་དྲྭ་ཚིགས་རྣམས་བཀག་འགོག་བྱེད་ཀྱི་ཡོད་པར་བརྗོད་འདུག
དམིགས་བསལ་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ནང་འཕྲུལ་རིགས་བེད་སྤྱོད་བྱས་ནས་མིའི་ངོ་གདོང་ངོས་འཛིན་བྱེད་ཐུབ་པའི་གློག་ཆས་དང་། གློག་མིག ཁ་པར་ནང་སོ་ལྟ་བྱེད་ཆེད་དུ་གཉེན་ཆས་བཙན་གྱིས་ཕབ་ལེན་བྱེད་བཅུག་པ། མིས་བཟོས་རིག་ནུས་སོགས་བེད་སྤྱོད་བྱས་ནས་བོད་མི་དང་ཡུ་གུར་བ་རྣམས་ཀྱི་འགྲོ་འདུག་ཐད་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པར་བརྗོད་འདུག དེ་བཞིན་དགོན་པ་དང་། སློབ་གྲྭ དུས་ཆེན་ཁག་ཏུ་མི་མང་གི་ཁ་པར་བསྔོག་བཤེར་བྱེད་པ། ངོ་རྒོལ་རིགས་ཀྱི་ལས་འགུལ་སྐོར་གྱི་གསང་བ་དང་། རྒྱ་ནག་ནང་བཀག་འགོག་བྱས་པའི་གནད་དོན་རིགས་ཀྱི་གསང་བ་སོགས་གཞུང་ལ་སྤྲད་ན་རྒྱ་སྒོར་༡༠༠༠༠༠ བྱ་དགའ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་བཅས་བརྗོད་འདུག ད་དུང་ཁོང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་བཙན་མནོན་དང་དཀའ་ངལ་སྤྲོད་ཀྱི་ཡོད་སྐོར་ཡང་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།