རྒྱ་ནག་ནང་ཡི་ཤུའི་ཆོས་དཔོན་༣༠ འཛིན་བཟུང་བྱས་ཡོད་འདུག
ཉེ་ཆར་གཟའ་སྤེན་པའི་ཉིན་རྒྱ་ནག་ནང་ཡོད་པའི་ཡི་ཤུའི་ཆོས་དཔོན་༣༠ རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་འདུག་པ་དང་། ཨ་རིའི་གཞུང་གིས་བཀག་ཉར་འོག་ཡོད་པའི་ཆོས་དཔོན་དེ་དག་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་བརྗོད་འདུག

ཕྱི་ཚེས་༡༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། བདུན་ཕྲག་སྔོན་མ་གཟའ་སྤེན་པའི་ཉིན་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་ཡོད་པའི་ཡི་ཤུའི་ཆོས་དཔོན་༣༠ འཛིན་བཟུང་བྱས་ཡོད་འདུག་ཅིང་། རྒྱ་ནག་ནང་ཡོད་པའི་ཡི་ཤུ་པ་ཚོས་དེ་ནི་འདས་པའི་ལོ་བཅུའི་ནང་རྒྱ་ནག་ནང་གི་ཡི་ཤུ་ཆོས་ལུགས་ཐོག་གཞུང་གིས་དྲག་གནོན་བྱས་པ་སྡུག་ཤོས་དེ་ཡིན་ཚུལ་བརྗོད་འདུག རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་མེད་སྨྲ་བའི་གཞུང་ཞིག་ཡིན་པས། རྒྱ་ནག་གིས་དབང་འོག་ཏུ་ཡོད་པའི་ཆོས་ལུགས་ཚང་མའི་ཐོག་དྲག་གནོན་དང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ཚུལ་ཡང་བརྗོད་འདུག ཡི་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོ་རྒྱ་ནག་གཞུང་གིས་བཙུགས་པའམ། གཞུང་གིས་ཆོག་མཆན་སྤྲད་པའི་ཡི་ཤུའི་ཆོས་ཁང་དུ་དུས་རྒྱུན་ཡོང་དགོས་སྐོར་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་བརྗོད་འདུག
ད་ལྟ་བཀག་ཉར་འོག་ཡོད་པའི་ཡི་ཤུ་ཆོས་དཔོན་ཚོ་ལ་ཁྲིམས་ཆད་ཕོག་གི་ཡོད་མེད་ཤེས་རྟོགས་བྱེད་རྒྱུ་ཁག་པོ་ཡིན་འདུག་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Marco Rubio)ཡིས་གཟའ་ཉི་མའི་ཉིན་ཆོས་དཔོན་འཛིན་བཟུང་བྱས་པ་དག་གང་མགྱོགས་གློད་བཀྲོལ་དགོས་ཞེས་བརྗོད་འདུག་ལ། རྒྱ་ནག་དམར་ཤོག་གཞུང་གིས་ཡི་ཤུའི་ཆོས་དཔོན་ཚོ་ལ་དམ་དྲག་དང་བཀག་ཉར་བྱས་པ་ནི་གཞུང་གིས་མི་མང་གི་དད་པ་དང་ཆོས་ལུགས་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་མཚོན་པ་རེད་ཅེས་བརྗོད་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་(Mike Pompeo)དང་སྲིད་འཛིན་གཞོན་པ་ཟུར་པ་(Mike Pence)གཉིས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་བསྒྲགས་གཏམ་སྤེལ་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lin Jian)ཟེར་བ་དེ་ལ་གསར་འགོད་གསལ་བསྒྲགས་སྐབས་སུ་ཡི་ཤུའི་ཆོས་དཔོན་འཛིན་བཟུང་སྐོར་འདྲི་དུས། ཁོས་གནད་དོན་དེའི་སྐོར་ཤེས་རྟོགས་མ་བྱུང་ཞེས་དང་། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་གནད་དོན་རྣམས་ཁྲིམས་ལུགས་གཞིར་བཟུང་འཛིན་སྐྱོང་བྱེད་ཀྱི་ཡོད་པ། མི་མང་ལ་ཆོས་དད་རང་དབང་ཆ་ཚང་སྤྲད་ཡོད་ཚུལ་དང་། ཆོས་ལུགས་ཀྱི་བྱེད་སྒོ་གང་ཡིན་ནའང་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད། ཨ་རིའི་གཞུང་གིས་ཆོས་ལུགས་ཀྱི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱས་ན་འགྲིག་གི་མེད་ཚུལ་བརྗོད་འདུག
ཐེངས་འདི་ཡི་ཤུའི་ཆོས་དཔོན་བཀག་ཉར་བྱས་པ་དེ་ལ་བརྟེན་ནས་ཨ་རྒྱ་གཉིས་བར་བསྐྱར་དུ་གདོང་ཐུག་ཡོང་སྲིད་པ་ཞིག་ཡིན་འདུག་ཅིང་། སྤྱིར་བཏང་ཨ་རྒྱ་གཉིས་བར་དཔལ་འབྱོར་ཐོག་སྒོ་ཁྲལ་བཀལ་བ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྐབས་སུ་བསྐྱར་དུ་འབྲེལ་ལམ་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་འདུག སྤྱིར་ཨ་རིའི་སྲིད་འཛིན་ཊོམ་དང། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་བར་ཟླ་འདིའི་ཟླ་བ་མཇུག་ཏུ་ལྷོ་ཀོ་རི་ཡར་ཐུག་འཆར་ཡོད་འདུག་ཅིང་། སྐབས་དེ་དུས་འབྲེལ་ལམ་བསྐྱར་གསོ་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འོག་ཏུ་རྒྱ་ནག་ནང་ཡོད་པའི་ཆོས་ལུགས་ཚང་མ་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་ལ། དམིགས་བསལ་ཡི་ཤུ་དང་ཁ་ཆེ་ཆོས་ལུགས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཚུལ་བརྗོད་འདུག
ཕྱི་ལོ་༢༠༡༦ རྒྱ་ནག་ནང་ཆོས་ལུགས་ལས་དོན་སྐོར་ཚོགས་འདུ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ངོས་ནས་ཆོས་ལུགས་ཚོ་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་བཟོ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡོང་ཐབས་ལ་ལེགས་སྐྱེས་འབུལ་དགོས་པ། རྒྱ་ནག་རྒྱལ་ཁབ་ཀྱི་མངོན་འདོད་ལ་ཞབས་ཞུ་སྒྲུབ་དགོས་པ་བཅས་བརྗོད་ཡོད་འདུག
(Zion Church)ཟེར་བ་ཡི་ཤུ་ཆོས་ལུགས་ཀྱི་ལྟེ་གནས་དེ་ཐོག་མ་ཕྱི་ལོ་༢༠༠༧ ལོ་རྒྱ་ནག་ནང་མི་བདུན་གྱིས་འགོ་འཛུགས་བྱས་ཡོད་འདུག་ཅིང་། ཡི་ཤུ་ཆོས་ལུགས་ཀྱི་ལྟེ་གནས་དེ་རྒྱ་ནག་ནང་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཆགས་ནས་ཕྱིས་སུ་རྒྱ་ནག་གི་གྲོང་ཁྱེར་༤༠ ནང་རྗེས་འབྲངས་པ་༡༠༠༠༠ ཙམ་འཕེལ་རྒྱས་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༨ ཟླ་བ་༩ ནང་རྒྱ་ནག་གཞུང་གིས་ཡི་ཤུའི་ཆོས་ཁང་ཚང་མའི་ནང་གསང་བའི་གློག་མིག་གམ་(CC Camera)བཙུགས་དགོས་པའི་བཀའ་བཏང་ཡང་འཛུགས་རོགས་མ་བྱས་པར་བརྟེན། ཆོས་དཔོན་གཙོ་བོ་(Jin Mingri)ཟེར་བ་དེ་དང་གཞན་ཆོས་དཔོན་ཁག་ཅིག་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་བཀག་ཉར་བྱས་ཡོད་འདུག ཉེ་ཆར་འཛིན་བཟུང་བཀག་ཉར་འོག་ཏུ་ཆོས་ཁང་(Zion Church)ཟེར་བ་དེ་ཐོག་མ་གསར་འཛུགས་བྱེད་མཁན་(Jin Mingri)ཞེས་པ་ཁོང་ཡང་འཛིན་བཟུང་བྱས་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
