སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་བགོས་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧་པས་རྒྱ་གར་གྱི་མངའ་སྡེ་ཁག་ནང་གཙོ་བོར་བྱས་པའི་ས་གནས་སོ་སོའི་མངའ་སྡེའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ལྟར་དུ།  སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ། སྤྱི་འཐུས་པདྨ་མཚོ་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས།

ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ནས་ཕྱི་ཟླ་ ༡༢ པའི་ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཁན་ཌི་དང་། ཨུ་ཏར་པར་དེ་ཤི་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་།

བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་གཉིས་ལས་གྲུབ་པའི་ཚོགས་ཆུང་གིས།

ཕྱི་ཟླ་ ༡༡ ཚེས་ ༢༤ ནས་ཟླ་ ༡༢ པའི་ཚེས་ ༨ བར་རྒྱ་གར་བྱང་ཤར་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་། དྷི་རང་། ཀོ་ཧི་མ། དྷི་མ་པུར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་དང་གནང་བཞིན་པ།

བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། སྤྱི་འཐུས་དཀོན་མཆོག་ཡང་འཕེལ། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས།

ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ནས་ཟླ་ ༡༢ པའི་ཚེས་ ༡༠ བར་རྒྱ་གར་མངའ་སྡེ་པན་ཇབ་དང་། ཧར་ཡ་ན་ ལྡི་ལི་བཅས་སུ་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་བཞིན་པ།

སྤྱི་འཐུས་ཀུན་དགའ་བསོད་སྟོབས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ནས་ཟླ་ ༡༢ པའི་ཚེས་ ༩ བར་རྒྱ་གར་ཤར་ཕྱོགས་མངའ་སྡེ་བྷི་ཧར་དང་། འཇར་ཁན་ཌི་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་བཞིན་པ།

ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ཞེས་པས་གོ་སྒྲིག་ཞུས་པའི་བོད་དོན་གསུང་བཤད་ཀྱི་ལས་རིམ་ཞིག་གི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་ནས་ “བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།

དེ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་འདུག་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་རྣམ་པ་གཉིས། ཕྱི་ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ པའི་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་དགོན་སྡེ། སྦེང་ལོར། མེང་ལོར། མའེ་སོར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་དང་གནང་བཞིན་པ་ཡིན་འདུག

གཞན་ཡང་སྐབས་ ༡༧ པའི་ལྷོ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ཕྱི་ཟླ་ ༡༢ ཚེས་༩ ནས་ཚེས་ ༡༠ བར་ས་བགོས་ཁྱབ་ཁོངས་ཨ་རིའི་ཡུ་ཊ་ མངའ་སྡེའི་གྲོང་ཁྱེར་སལ་ཊ་ལེག་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་འདུག

སྤྱི་འཐུས་རྣམ་པས་མངའ་སྡེ་སོ་སོའི་སྲིད་སྐྱོང་གིས་མཚོན་པའི་གནད་ཡོད་མི་སྣ་དང་མི་མང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་བཅས་ལ་བཅར་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གཞུང་དང་མངའ་སྡེ་སོ་སོས་བོད་དོན་དང་། བོད་མིར་རྒྱབ་སྐྱོར་དང་ཐུགས་ཁུར་རྒྱ་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་ཐོག ད་ལྟའི་བོད་ཀྱི་དོན་དངོས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ། བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

སྤྱིར་ལྷོ་བྱང་ཨ་རི་ཁུལ་དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་བཅས་ཀྱི་བོད་མི་མང་སྤྱི་འཐུས་རྣམ་པ་སོ་སོའི་ཁྱབ་ཁོངས་སུ་དེ་སྔོན་ས་བགོས་ཕྱོགས་བསྐྱོད་ཕེབས་ལམ་མེད་པ་ཡིན་འདུག་ཀྱང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྐབས་སུ་འབྲེལ་ཡོད་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་དབར་བཀའ་བསྡུར་སྔ་རྗེས་དང་། རིམ་པས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནང་དང་། འཛིན་སྐྱོང་བཅས་ཀྱི་ལྷན་བཀའ་བསྡུར་ཞུས་རྗེས། སྤྱི་འཐུས་ལས་ཡུན་རིང་ཁྱབ་ཁོངས་ས་གནས་སུ་ཐེངས་རེར་ས་བགོས་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་གཏན་ཁེལ་ཡོད་འདུག་ལ།  ས་བགོས་ཕྱོགས་སྐྱོད་གནང་ཕྱོགས་ཐད་འབྲེལ་ཡོད་སྤྱི་འཐུས་རྣམ་པ་དང་། སྐུ་ཚབ་དོན་གཅོད། བོད་རིགས་ཚོགས་པ་བཅས་སོ་སོར་བཀའ་བསྡུར་གནང་སྟེ་ལས་རིམ་བཟོ་རྒྱུ་གནང་ཡོད་འདུག།


གསར་འགོད་པ། བསྟན་འཛིན་ལམ་བཟང་།