དབྱིན་ཡུལ་གྱི་སྲིད་བློན་གསར་པ་འདེམས་ཐོན་བྱུང་འདུག

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་གཞི་དང་འབྲེལ་ནས། ད་བར་སྲིད་བློན་གཉིས་དགོངས་པ་ཞུས་ཡོད་པ་དང་། ཐེངས་འདིར་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་དགའ་མོས་བྱེད་ཡུལ་ཞིག་སྲིད་བློན་དུ་འདེམས་ཐོན་བྱུང་འདུག

ཟླ་༧ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༢༣ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་རྙིང་ཞེན་ཚོགས་པའི་ཚོགས་མི་ཚོས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་འོས་འདེམས་བྱས་ཡོད་པ་དང་། འོས་སུ་ལ་ཐོབ་ན་དེ་རྒྱལ་ཁབ་ཀྱི་སྲིད་བློན་ཆགས་ཀྱི་ཡོད་པ་ལྟར། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་དང་དེ་སྔོན་མང་མོས་འོས་བསྡུ་ཐག་གཅོད་སྐབས་སུ་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་སྤེལ་མྱོང་མཁན་བྷོ་རི་སེ་ཇོན་སཱོན་ལ་འོས་གྲངས་༩༢,༡༥༣ ཐོབ་ནས་རྒྱལ་ཁ་ཐོབ་འདུག་པ་དང་། ཁོང་དེ་སྔོན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་པ་ཡང་བྱེད་མྱོང་འདུག

ཁོང་གི་ཁ་གཏད་ཕྱི་སྲིད་བློན་ཆེན་ཇེ་རི་མཱི་ཧན་ཌ་ལ་འོས་གྲངས་༤༦,༦༥༦ ཐོབ་ནས་ཕམ་འདུག

རང་ལོ་༥༥ ཡིན་པའི་དབྱིན་ཡུལ་གྱི་སྲིད་བློན་གསར་པས་རྒྱལ་ཁའི་གཏམ་བཤད་སྐབས་སུ། དྲིལ་བསྒྲགས་ལས་འགུལ་སྐབས་སུ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་ཐུབ་བ་བཟོ་རྒྱུ་དང་། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཇེ་རི་མཱི་ཁོར་བྷན་ལ་ཕམ་ཁ་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར་དེ་ལྟར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་པས། ཟླ་༧ པའི་ཚེས་༡༣ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་བློན་ལ་ལྕམ་ཐེ་རི་སཱ་མཱེ་བདམས་ཡོད་པ་རེད་དེ། ཁོང་གིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ། དབྱིན་ཡུལ་དང་ཡུ་རོབ་བར་གྱི་ཚོང་འབྲེལ་དང་ས་མཚམས་འབྲེལ་བ་སོགས་ཀྱི་གྲོས་མཐུན་ལ། དབྱིན་ཡུལ་གྲོས་ཚོགས་ཀྱིས་ཐེངས་གསུམ་མང་མོས་རྒྱབ་སྐྱོར་ཐུབ་མེད་པ་དང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོག་ནས་ཕྱིར་འཐེན་བྱེད་རྒྱུའི་དུས་བཀཀ་ཚེས་གྲངས་ཡང་ཐེངས་ཁ་ཤས་དུས་འགྱངས་བྱས་ཏེ། ཁོང་གིས་ལས་དོན་ལ་གྲུབ་འབྲས་ལ་ཐོན་ཐབས་བྲལ་བ་ངོས་འཛིན་གྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།

དབྱིན་ཡུལ་གྱི་གྲོས་ཚོགས་ནང་དང་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་བར་དུ་ཡང། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་གཞི་དང་འབྲེལ་ནས། འགལ་ཟླ་ཆེན་པོ་ཆགས་ཡོད་པའི་སྐབས་དེར། སྲིད་བློན་གསར་པ་བྷོ་རི་སེ་ཡི་ལས་གཞི་ལ། གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། ཁོང་གིས་ཡུ་རོབ་མཐུན་ཚོགས་དང་གྲོས་མཐུན་གསར་པ་འཇོག་རྒྱུ་ཡིན་སྐོར་དང་། གལ་ཏེ་དེ་ལྟར་མ་བྱུང་ན་ག་རེ་འབྱུང་མིན་ལ་མ་ལྟོས་པར་ཟླ་༡༠ པའི་ཚེས་༣༡ ཉིན་ཏེ་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་སྔོན་དུ། གྲོས་མཐུན་མེད་པར་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག གལ་ཏེ་གྲོས་མཐུན་མེད་པར་ཕྱིར་འཐེན་བྱས་ཚེ། དབྱིན་ཡུལ་གྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པས། གྲོས་ཚོགས་ནང་ཐག་གཅོད་དེར་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་ཁར། ཡུ་རོབ་མཐུན་ཚོགས་ནས་གྲོས་མཐུན་ཆེད་དུ་གྲོས་མོལ་བསྐྱར་དུ་བྱེད་རྒྱུ་འདོད་པ་མེད་པ་དང་། སྲིད་བློན་ཁོང་དང་མཉམ་དུ་སྐབས་སྔོན་མའི་སྲིད་བློན་གྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་ལེགས་བཅོས་ཆེད་དུ་ལས་ཀ་མཉམ་དུ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

གཞུང་འཛིན་ཚོགས་པའི་བློན་ཆེན་མང་པོ་ཞིག་གིས། གལ་ཏེ་བྷོ་རི་སེ་སྲིད་བློན་དུ་འདེམས་ཐོན་བྱུང་ཚེ། ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར། ཁོང་གིས་ལས་གཞི་དང་པོ་དེ་ནི་འཇོན་ཐང་ལྡན་པ། ཕོ་མོ་འདྲ་མཉམ། གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཡོད་པའི་བློན་ཆེན་ལས་ཁུངས་ཞིག་བཟོ་རྒྱུ་དེ་ཆགས་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་འོས་བསྡུ་མ་བྱས་པའི་སྔོན་ནས། བྷོ་རི་སེ་ཡིས་སྲིད་བློན་ལས་ཁུར་ཡག་པོ་བྱེད་ཐུབ་རྒྱུ་ཡིན་པ་དང་། མང་པོ་ཞིག་གིས་ཁོང་ལ་དབྱིན་ཡུལ་གྱི་ཊོམ་ཞེས་མིང་འབོད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་ནས། ཤུགས་ཀྱིས་བྷོ་རི་སེ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་མྱོང་བ་ལྟར། ཐེངས་འདིར་ཁོང་གི་རྒྱལ་ཁ་ལ་དགའ་བསུ་བྱས་འདུག

བྷོ་རི་སེ་ཇོན་སཱོན་གྱིས་ཕྱི་ལོ་༢༠༠༡ ནས་༢༠༠༨ བར་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་༢༠༡༥ ནས་ས་ཚིགས་གཞན་ཞིག་གི་གྲོས་ཚོགས་འཐུས་མི་བྱས་འདུག དེ་བཞིན་ཕྱི་ལོ་༢༠༠༨ ནས་༢༠༡༦ བར་རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་པ། ༢༠༡༦ ནས་༢༠༡༨ བར་ཕྱི་སྲིད་བློན་ཆེན་བཅས་ཀྱི་ལས་ཁུར་བྱེད་མྱོང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།