སོ་སོར་ཕན་ཐོགས་མེད་པའི་དེབ་མང་པོ་བཀླགས་ནས་ཕན་ཐོགས་མེད།

ཟླ་འདིའི་ཚེས་༧ ཉིན་གྱི་དགོང་མོར་རྡོ་རྗེ་གདན་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་པའི་ངོས་ནས་“དཔེ་ཀློག་གི་རིན་ཐང་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་རེད། གཏམ་བཤད་པ་རྩོམ་པ་པོ་ཨ་ཚོགས་ཀླུ་མཁར་བྱམས་དང་། རྩོམ་པ་པོ་བསྟན་འཛིན་རྡོ་རྗེ་གཉིས་ཡིན་ཁར། ཚོགས་ཞུགས་པ་མཐོ་རིམ་སློབ་མ་གཙོས་སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

15935864_1204883602923424_119772359_nབགྲོ་གླེང་གོ་སྒྲིག་པ་གཉན་ཐར་གྱིས་བགྲོ་གླེང་ངོ་སྤྲོད་གནང་སྐབས། དཔེ་ཀློག་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གོ་སྒྲིག་བྱེད་དགོས་དོན། སློབ་མར་སློབ་སྦྱོང་གི་ཁ་ཕྱོགས་དང་སྐུལ་མ་བྱེད་ཆེད་དང་། སྤྱིར་བོད་པའི་སྤྱི་ཚོགས་དང་མཐོ་རིམ་སློབ་མ་ཚོར་དེབ་ཀློག་མཁན་གྱི་གོམས་གཤིས་ཚད་གཞི་སྐྱོ་པོ་ཡིན་པས། བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་སྐོར་གསུངས་སོང་།

བསྟན་རྡོར་གྱིས་བོད་པའི་སྤྱི་ཚོགས་ནང་དེབ་ཀློག་མཁན་མེད་པའི་དཀའ་ངལ་དང་དེའི་རྒྱུ་རྐྱེན་དང་འབྲེལ་ནས་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། “དེབ་ཀློག་པའི་རིན་ཐང་ཚང་མས་ཧ་གོ་ཡི་ཡོད་པ་རེད། ཡིན་ཡང་ང་ཚོའི་དཀའ་ངལ་གཅིག་དེ་སྐད་ཡིག་ལ་ཐུག་ཡོད་རེད་བསམ་གྱི་འདུག སྐད་ཡིག་གཅིག་མཐར་ཕྱིན་པ་སྦྱངས་ནས་གོ་བ་ལེན་པ་དང་བཤད་པ། ཀློག་པ་ཆ་ཚང་ཐུབ་མཁན་དཀོན་པོ་རེད། དེའི་དཀའ་ངལ་དེ་བཙན་བྱོལ་ནང་ཡོད་པའི་འཚོ་བ་སྣ་ཚོགས་སྐྱེལ་གྱི་ཡོད་པའི་རྐྱེན་གྱིས་རེད་བསམ་གྱི་འདུག ཆབ་སྲིད་འཐབ་རྩོད་ཐོག་བསམ་བློ་གཏོང་དུས་བོད་ནང་ཡོད་པ་ནང་བཞིན་བསམ་བློ་གཏོང་གི་ཡོད་པ་དང་། ལག་བསྟར་ག་ཚོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་རྩ་ཆེན་པོ་རེད་ཟེར་གྱི་ཡོད་པ་རེད་དེ། ཡིག་ཚད་གཏོང་དུས་དབྱིན་ཡིག་ཐོག་གཏོང་དགོས་པ་དང་། ཁྲོམ་ལ་འགྲོ་དུས་རྒྱ་གར་གྱི་སྐད་ཤེས་དགོས་ཀྱི་ཡོད་པ་རེད། སྐད་ཡིག་མང་པོ་དགོས་དུས་སྐད་ཡིག་གཅིག་སྤུས་དག་པོ་སྦྱང་རྒྱུར་འཐུས་ཤོར་སོང་ཡོད་པ་རེད། དེ་ལ་གདོང་ལེན་བྱེད་ཐབས་ཤིག་དགོས་ཀྱི་འདུག སྐད་ཡིག་ག་རེའི་ཐོག་ཀློག་ནའང་ནང་དོན་ཡག་ཤོས་དང་སྣ་འཛོམས་ཤེས་ཡོན་སྐད་ཡིག་ག་རེའི་ནང་རག་གི་འདུག་འཚོལ་ཐུབ་ན་དགེ་མཚན་ཡོད་རེད། སྐད་ཆ་བཤད་དུས་བོད་སྐད་བཤད། དེབ་ཀློག་དུས་དབྱིན་ཡིག་ཀློག་མཁན་ཡོད་རེད། དེང་སྐབས་བོད་པའི་སྤྱི་ཚོགས་ནང་དེབ་ཀློག་མཁན་དང་ཉོ་མཁན་མང་དུ་སོང་འདུག་མོད། འབྲི་མཁན་ག་ཚོད་ཡོད་རེད། དེའི་ཐོག་ཏུ་ཡང་བསམ་བློ་གཏོང་དགོས་པ་རེད་”ཅེས་དང་། དེབ་འབྲི་མཁན་ལ་སེམས་ཤུགས་འཕར་ཆེད་དུ་བཙན་བྱོལ་ནང་ལོ་གཅིག་རིང་བོད་ཡིག་དེབ་སུམ་བརྒྱ་བཏོན་འདུག་ཟེར་བ་ལྟ་བུ་དང་།  དེའི་ནང་ནས་སྙན་ངག་ཡག་ཤོས་དང་། བཅོས་སྒྲུང་། དངོས་སྒྲུང་ཡག་ཤོས་འདི་དང་འདི་ཞེས་གཟེངས་རྟགས་སྤྲོད་ཐུབ་པ་ལ་གཞུང་དང་མི་སྒེར་ཚང་མས་ནུས་པ་འདོན་དགོས་སྐོར། བོད་ཡིག་སྦྱངས་དགོས་པ་རེད་ཅེས་བཀའ་བཀྱོན་བཏང་ནས་ཉན་རྒྱུ་ཁག་པོ་ཡིན་པས། འབྲི་ཀློག་གི་མཐུན་རྐྱེན་བསྐྲུན་ཐུབ་དགོས་སྐོར། བོད་པ་མི་གྲངས་ཉུང་ནའང་རྩོམ་འབྲི་དང་། སྒྱུ་རྩལ་པ་སྐད་གྲགས་ཅན་ཡོང་རྒྱུ་ཡིན་སྐོར། སྒེར་སོ་སོའི་ལོ་གཅིག་ནང་དེབ་ཀྱི་གྲངས་ཚད་ཅིག་ཀློག་རྒྱུ་དམ་བཅས་ཏེ་ལག་བསྟར་དང་དེབ་ཕན་ཚུན་ལ་ལག་རྟགས་སྤྲོད་རེས་བྱས་ན་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་།

ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དེབ་ཀློག་རྒྱུ་དེ་མིའི་ཁྱད་ཆོས་ཤིག་ཡིན་པ་དང་། སྐད་བརྡ་ཙམ་འཕྲོད་པ་བྱ་བྱིའུ་དུད་འགྲོའི་ནང་དུ་ཡང་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “དེབ་ཟེར་བ་དེ་མི་ཁོ་ནར་དབང་གི་ཡོད་པ་དང། ངེས་པར་དུ་ཀློག་དགོས་རེད། ཡིན་ཡང་དེབ་བཀླགས་པ་ཚང་མ་ཡག་པོ་རེད་དམ་ཟེར་ན། དེབ་བཀླགས་པ་གཅིག་པུས་མིའི་རིགས་ཀྱི་ཤེས་ཡོན་འཕེལ་རྒྱུ་ཁག་པོ་རེད། དེབ་ནང་ལ་འཛུལ་ནས་སོ་སོར་རང་སྐྱ་འཕེལ་བའི་བསམ་བློ་ཞིག་མ་གྲུབ་ན། དེབ་བཀླགས་ནས་ག་རེ་བྱེད་དགོས་རེད། འཛམ་གླིང་ནང་གི་དེབ་ཚང་མ་བཀླགས་ནས་ཚར་གྱི་མ་རེད། བོད་པས་དཔེ་མང་ལྟ་བ་རིག་པ་འཆར་བའི་རྒྱུ་ཟེར་གྱི་ཡོད་པ་རེད། གཞུང་གཅིག་གི་དོན་དག་རྟོགས་དགོས་རེད་མ་གཏོགས། དེབ་མང་ཤོས་ཀློག་མཁན་དེར་ཧང་སང་རྒྱུ་ཡོད་མ་རེད། དེབ་ཀློག་ནས་དོན་དག་སུས་གོ་འདུག རྒྱུད་ལ་ག་རེ་འབྱར་འདུག་དེ་རེད། མིའི་དཀའ་ངལ་ཆེ་ཤོས་ཁ་ཕྱོགས་བོར་བ་རེད། ག་རེའི་ཆེད་དུ་བྱེད་ཀྱི་ཡོད་པ་ཧ་མ་གོ་བ་དེ་རེད་”ཅེས་དང་། སོ་སོའི་དགོས་པ་དང་བསམ་བློར་ཕན་ཐོགས་པ་ཞིག་ཡིན་དགོས་པ་ལས། སོ་སོར་ཕན་ཐོགས་མེད་པའི་དེབ་མང་པོ་བཀླགས་ནས་ཕན་ཐོགས་མེད་སྐོར། དེ་བཞིན་རྩོམ་ཡིག་གཅིག་འབྲི་རྒྱུའི་ཆེད་དུ་དེབ་ཧ་ཅང་མང་པོ་ཀློག་དགོས་པ་དང་། མའོ་ཁེ་སིས་མ་རྩ་རིང་ལུགས་སྐོར་གྱི་དེབ་གཅིག་འབྲི་ཆེད་དེབ་གཅིག་སྟོང་ལྔ་བརྒྱ་བཀླགས་ཡོད་ཟེར་མཁན་ཡོད་སྐོར། བོད་པའི་སྤྱི་ཚོགས་ནང་དེ་འདྲ་མེད་སྐོར་དང་ཁ་ཕྱོགས་མ་ནོར་བའི་དེབ་བཀླག་དགོས་སྐོར། དེ་བཞིན་ཡིག་ཚགས་དཀོན་པོའི་རིགས་དང་དེབ་པར་སྐྲུན་བྱེད་མ་འཇུག་པར་བཀག་བཞག་པའི་རིགས་སོགས་ཀློག་ཐབས་དགོས་སྐོར། དེབ་རྩོམ་པར་སྤུས་ཚད་དགོས་པ་དང་བོད་པར་དེབ་ཀྱི་གྲངས་ཀ་ཉུང་ཉུང་མིན་ནའང་སྤུས་ཚད་སྐྱོ་པོ་ཡིན་སྐོར། དེབ་ཀློག་སྐབས་དང་གསུང་ཆོས་དང་གཏམ་བཤད་ལ་ཉན་སྐབས་ཟིན་བྲིས་རྒྱག་རྒྱུའི་གོམས་གཤིས་ཤིག་དགོས་སྐོར་སོགས་གསུངས་སོང་། དེ་རྗེས་དྲི་བ་དྲིས་ལན་བྱས་པ་དང་། བགྲོ་གླེང་མཇུག་བསྡོམས་བྱས་ཡོད་པ་རེད།

མཐོ་རིམ་སློབ་མའི་ཚོགས་ཆེན་ཞེས་པ་ནི་༢༠༠༦ ལོར་བོད་པའི་མཐོ་རིམ་སློབ་མ་ཚོས་འགོ་འཛུགས་བྱས་པ་དང་། དེ་རྗེས་ལོ་རེར་མཐོ་རིམ་སློབ་མ་བརྗེ་སྤོར་གྱིས་གོ་སྒྲིག་པ་བསྐོ་བཞག་བྱས་ཏེ། རྒྱ་གར་ནང་གི་ས་གནས་གང་རུང་ལ་ཚོགས་ཆེན་རེ་འཚོགས་ཀྱི་ཡོད་པ་རེད། དེ་ནི་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་མཐོ་རིམ་སློབ་མ་ཚོ་མཉམ་འཛོམས་ཀྱིས་བསམ་ཚུལ་བརྗེ་ལེན་དང་། རང་ངོ་རང་ཤེས། རང་འགན་རང་ཁུར་ཡོང་བའི་ཆེད་དུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།