ཨ་རི་བ་ཞིག་ཡེ་ཤུའི་བླ་ཆེན་གསར་པ་ལ་བསྐོ་བཞག་ཐོག་མ་གནང་ཡོད་འདུག 

དེ་སྔོན་ཕྱི་ཟླ་༤ ཚེས་༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་༢༦༦ པ་དེ་སྐུ་གཤེགས་པར་བརྟེན། ད་ཆར་ཨ་རི་ཞིག་བ་ཞིག་ཡེ་ཤུའི་རོ་མན་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་དུ་བསྐོ་བཞག་གནང་ཡོད་འདུག་ལ། ཁོང་ནི་ལོ་རྒྱུས་ཐོག་ཨ་རི་བ་ཞིག་རོ་མན་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་བསྐོ་བཞག་གནང་བ་ཐོག་མ་དེ་ཆགས་ཡོད་འདུག

ཕྱི་ཚེས༩ ཉིན་བྷི་བྷི་སི་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་རོ་མ་ནི་ཡའི་གྲོང་ཁྱེར་(St Peter’s Basilica)ནས་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་སྟོང་ཚོས་མང་པོས་ཡེ་ཤུའི་བླ་ཆེན་གསར་པའི་མིང་འབོད་གསལ་བསྒྲགས་ལ་ཡུན་རིང་བསྒུགས་ཡོད་འདུག་ཅིང་། ཡེ་ཤུའི་བླ་ཆེན་གསར་པ་དེ་རོ་མན་གྱི་ཡེ་ཤུ་ཆོས་ལུགས་ཀྱི་(cardinal )ཟེར་བའི་ཆོས་དཔོན་གྱི་མཐུན་ཚོགས་ཁྲོད་ནས་གསང་བའི་ཐོག་ནས་འོས་བསྡུ་བྱས་ཏེ་འདེམས་དགོས་ཀྱི་ཡོད་འདུག ཚོགས་པ་དེའི་ནང་དུ་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཚོ་རང་ལོ་༨༠ ལས་ཉུང་བ་ཡིན་དགོས་ཀྱི་ཡོད་འདུག་ལ། བླ་ཆེན་གསར་པ་དེ་འོས་བསྡུ་བྱས་རྗེས་གལ་སྲིད་བླ་ཆེན་གསར་པ་ཞིག་འདེམ་ཐུབ་ཡོད་ན་རོ་མན་གྱི་ཡེ་ཤུའི་ལྷ་ཁང་གི་ཁང་ཐོག་ནས་དུ་བ་དཀར་པོ་ཞིག་གཏོང་སྲོལ་ཡོད་འདུག་ལ། གལ་སྲིད་འདེམ་ཐུབ་མེད་ཚེ་ལྷ་ཁང་གི་ཁང་ཐོག་ནས་དུ་བ་ནག་པོ་ཞིག་གཏོང་སྲོལ་ཡོད་འདུག་པ་བཞིན། ཐེངས་འདིར་དང་ཐོག་དུ་བ་ནག་པོ་བཏང་ཡོད་འདུག་ཀྱང་། རྗེས་སུ་དུ་བ་དཀར་པོ་བཏང་སྟེ་བླ་ཆེན་བདམས་ཐུབ་པའི་རྟགས་བསྟན་པས་ས་ཕྱོགས་གང་སར་ནས་རེ་སྒུག་བྱེད་མཁན་དད་ལྡན་པ་ཚོས་གང་སར་དགའ་འབོད་བྱེད་ཀྱི་ཡོད་འདུག

ཉེ་ཆར་འོས་བསྡུ་བྱེད་བཞིན་པའི་སྐབས་སུ་དད་ལྡན་པ་སྟོང་ཚོ་མང་པོས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་གསར་པ་སུ་ཡོང་མིན་དང་། ཐེངས་འདིར་བསྐོ་བཞག་གནང་ཐུབ་ཀྱི་ཡོད་མེད་ལ་ངང་སྒུག་ཡུན་རིང་བྱས་ནས་བསྡད་པའི་རྗེས་སུ། ཨ་རི་བ་(Robert Prevost)ཟེར་བའི་ཆོས་དཔོན་ཁོང་ཡེ་ཤུའི་བླ་ཆེན་ལ་བསྐོ་བཞག་བྱས་ཡོད་པའི་ཁྱབ་བསྒྲགས་གནང་འདུག ཁོང་ནི་ད་ལོ་རང་ལོ་༦༩ ཡིན་འདུག་ཅིང་། ཁོང་གི་མཚན་གསར་པ་(Pope Leo)པོབ་ལིའོ་ཞེས་གསོལ་ཡོད་འདུག ཁོང་ནི་ཕྱི་ལོ་༡༩༥༥ ལོར་ཨ་རིའི་གྲོང་ཁྱེར་(Chicago)ཤི་ཁ་ཀོ་རུ་འཁྲུངས་ཡོད་འདུག་ཅིང་། ཁོང་གི་ཕ་མ་གཉིས་ནི་སི་པན་ནེ་ཤི་དང་། ཧྥ་རིན་སིའི་མི་རིགས་ཡིན་འདུག བཤད་སྲོལ་གཞན་ཞིག་ལ་དོན་དངོས་ཐོག་ཁོང་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་པེ་རག་(Peru)ནས་ཡིན་པའི་ཡེ་ཤུ་བའི་ཆོས་དཔོན་ཞིག་ཐེངས་འདིར་བླ་ཆེན་བསྐོ་བཞག་བྱས་ཡོད་པར་རྗོད་ཀྱི་ཡོད་འདུག་ལ། དེའི་རྒྱུ་མཚན་ནི་ཁོང་ལོ་མང་རིང་པེ་རག་རྒྱལ་ཁབ་ནང་ཡེ་ཤུའི་ཆོས་དཔོན་བྱས་ནས་བཞུགས་ཡོད་པས་ཡིན་པར་བརྗོད་འདུག ཕྱིས་སུ་ཁོང་ཡེ་ཤུའི་ཆོས་དཔོན་གྱི་གོ་གནས་རིམ་པའི་ཐོག་ནས་ཕྱག་ལས་གནང་སྟེ། མཐར་ཁོང་རོ་མན་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་༢༦༧ པ་དེ་ཆགས་ཀྱི་ཡོད་འདུག དུས་རྒྱུན་ཁོང་ནི་ཕྱི་མི་གནས་སྤོ་བ་དང། གོ་ལའི་ཁོར་ཡུག་གི་དཀའ་ངལ་སོགས་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་འདུག་ཅིང་། ཁོང་གིས་ང་རང་ཉིད་ཨ་རི་ལ་སྐྱེས་ཡོད་ཀྱང་། ཕ་མ་གཉིས་ནི་རྒྱལ་ཁབ་གཞན་ནས་གནས་སྤོ་བྱས་ཏེ་ཡོང་མཁན་ཞིག་ཡིན་པར་རྗོད་ཀྱི་ཡོད་འདུག་ལ།  དམིགས་བསལ་ཁོང་གིས་བུད་མེད་རོ་མན་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་ལ་བསྐོ་བཞག་གནང་རྒྱུ་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་འདུག ད་ཆར་འཛམ་གླིང་གང་སར་ནས་བླ་ཆེན་ཁོང་ལ་འཚམས་འདྲི་ཞུ་མཁན་དུ་མ་ཡོད་འདུག་ཅིང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རི་བ་ཞིག་ཡེ་ཤུའི་བླ་ཆེན་བསྐོས་པ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པར་བརྗོད་ནས་བསྔགས་བརྗོད་ཆེན་པོ་བྱས་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།