༧གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་།

དེ་རིང་ཕྱི་ཟླ་༩ ཚེས་༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢།༠༠ ཙམ་ལ་༧གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧ཞབས་སོར་བདེ་བར་འཁོད་སོང་།

པར། བོད་མིའི་སྒྲིག་འཛུགས།

སྤྱིར་༧གོང་ས་མཆོག་ཕྱི་ཟླ་༧ ཚེས་༡༢ ཉིན། ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ནས། གླེ་དང་ཟངས་དཀར་ཁུལ་དུ་ཉིན་གྲངས་༣༨ ཀྱི་རིང་། རྒྱ་གར་བ་དང་། ནུབ་ཕྱོགས་དང་ཡུ་རོབ་ཁུལ་གྱི་དད་ལྡན་མཇལ་བཅར་བ། ལ་དྭགས་ཡུལ་མི། བོད་པ་སོགས་ཁྱོན་བསྡོམས་མི་གྲངས་༢༠༠༤༢ ལ་མཇལ་ཁ་བཀའ་དྲིན་བསྩལ་རྗེས།

ཕྱི་ཟླ་༨ ཚེས་༢༨ ཉིན། དགའ་ལྡན་ཁྲི་ཐོག་༡༠༥ པ་མཆོག་དང་ཁྲིག་སེ་རིན་པོ་ཆེ་མཆོག་དབུས་པའི། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན། ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣས་ཕེབས་སྐྱེལ་དང་བཅས་ལྡི་ལིར་ཞབས་སོར་འཁོད།

ཕྱི་ཟླ་༩ ཚེས་༡ ཉིན། ༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཕེབས་གཏན་ཁེལ་ཡང་། གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་ཚེས་༢ བར་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།

རྒྱུན་ལྡན་དང་མི་འདྲ་བ། ད་ཐེངས་ཆར་ཞོད་ཀྱི་རྐྱེན་པས་དྷ་ཤོད་ནས་མེག་གྷན་དུ་འགྲོ་སའི་གཞུང་ལམ་ཆད་ཡོད་པར་བརྟེན། མགོན་པོ་གང་ཉིད་རྡ་སྟེང་བོད་ཁྱིམ་གྱི་ཉེ་འདབས་༼fostye gang༽ ཞེས་པའི་གཞུང་ལམ་བརྒྱུད་རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང་།

མགོན་པོ་གང་ཉིད་ཆིབས་འཁོར་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་སྐབས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་༦༥ འཁོར་བའི་དུས་ཆེན་མཛད་སྒོ་གྲུབ་ཚར་ཙམ་ཡིན་པ་དང་། ཆར་པ་འབབ་བཞིན་ཡོད་ན་ཡང་། བོད་མིིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པས་གཙོས་དྷ་སའི་སེར་སྐྱ་མི་མང་དང་། ཕྱི་ནང་གི་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་དང་༧སྐུའི་ཞལ་མཇལ་ཞུས་ཡོད་ལ། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོ་མདུན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་སོང་།

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།