བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མའི་ཨ་རིའི་གཞུང་དོན་ཁག་ལེགས་པར་གྲུབ་ནས་རྒྱ་གར་དུ་ཕྱིར་ཕེབས།

བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ཨ་རིའི་ནང་གཞུང་འབྲེལ་ལས་དོན་རྣམས་ལེགས་པར་གྲུབ་ཡོད་འདུག་ཅིང་། ཁོང་མོ་ཨ་རིའི་ཁུལ་དུ་ཕེབས་དོན་ནི་གཞུང་འབྲེལ་གྱི་མི་སྣ་ཁག་མཇལ་འཕྲད་དང་། ཞོར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་བསལ་ཚོགས་ཆེན་གྱི་སྐུ་མགྲོན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སོགས་འབྲེལ་ཡོད་མི་སྣ་དང་མཇལ་མོལ། ནིའུ་ཡོག་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་བཅས་ཀྱི་ཆེད་དུ་ཕེབས་ཡོད་འདུག
ཕྱི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ༢༠༢༥ ཟླ་བ་༨ ཚེས་༡༠ ཉིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་འབྱོར་བྱུང་ཡོད་འདུག་ཅིང་། ཕྱི་ཚེས་༡༢ ཉིན་ནིའུ་ཡོག་ནས་ཝ་ཤིང་ཊོན་ཌི་སི་ (Washington DC )ཕེབས་ཡོད་འདུག བདེ་སྲུངབཀའ་བློན་རྒྱ་རི་སྒྲོལ་མ་ཐེངས་འདིར་ཨ་རིར་ཕེབས་དོན་གཙོ་བོ་སྟེ། ཕྱི་ཚེས་༡༡ ཉིན་ནིའུ་ཡོག་ཉེ་འདབས་ནིའུ་འཇར་སི་དང་། ཕྱི་ཚེས་༡༣ ཉིན་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་མཇལ་དགོས་པའི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་གནད་དོན་ཁག་གི་ཐོག་བཀའ་བསྡུར་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སོགས་འབྲེལ་ཡོད་མི་སྣ་དང་མཇལ་མོལ་གནང་འདུག དེའི་སྔོན་དུ་ཚེས་༡༠ ཉིན་ནིའུ་ཡོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པའི་༧སྐུའི་གོ་སྟོན་སྲུང་བརྩི་དང་། ནིའུ་ཡོག་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་དབུ་འབྱེད་མཛད་སྒོར་བདེ་སྲུང་བཀའ་བློན་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་གནང་བ་བཞིན་མཉམ་ཞུགས་གནང་འདུག
ཚེས་༡༥ ཉིན་བྱང་ཨ་རིའི་ཁུལ་གྱི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་ཁག་དྲུག་དང་། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ཐུན་མོང་གིས་གོ་སྒྲིག་ཞུས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་གདན་ཞུས་ལྟར་ཕེབས་པ་མ་ཟད། གསུང་བཤད་གནང་སྐབས་འདས་དོན་དྲན་གསོ་དང་འབྲེལ་བའི་ཐོག་ནས་རྒྱ་གར་གཞུང་དང་། ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་འོས་པའི་སྐོར་དང་། ཆོལ་གསུམ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཀྱི་གལ་ཆེའི་རང་བཞིན་སྐོར། ང་རང་ཚོས་ཁ་བཤད་ལག་བསྟར་མ་ཐུབ་པའི་སྐྱོན་ཕྲན་བུ་ཡོང་གི་ཡོད་པ་དེ་རིགས་བྱེད་མི་ཉན་པའི་སྐོར། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོང་སྲིད་ཀྱང་། སྤྱི་པར་དོ་ཕོག་མི་འགྲོ་བའི་སྒོ་ནས་གོམ་པ་སྤོ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུངས་གནང་འདུག ཕྱི་ཚེས་༡༦ ཉིན་བདེ་སྲུང་བཀའ་བློན་གིས་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་གནང་བའི་ཞབས་རིམ་གསོག་སྒྲུབ་ཀྱི་འདུས་ཚོགས་སུ་མཉམ་ཞུགས་གནང་འདུག་ལ། དེ་ནི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་ཡིག་དགོངས་དོན་ལྟར། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་གནང་བའི་༧རྒྱལ་བའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་བདེ་ཐབས་ཀྱི་ཆེད་དུ་གྲ་སྒྲིག་གནང་བའི་ཞབས་རིམ་གསོག་སྒྲུབ་ཅིག་ཡིན་འདུག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་ཞབས་རིམ་གསོག་སྒྲུབ་ལ་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་གནང་བའི་ཞོར་དུ་བཀའ་མོལ་ཚིག་ཁ་ཤས་གསུངས་པའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཐོག་ལ་དྭགས་ནང་ཆིབས་བསྒྱུར་བསྐྱངས་ཡོད་པའི་སྐོར་དང་། ཁོང་ལྟ་བུའི་དབུ་ཁྲིད་ཅིག་ང་ཚོར་ཡོད་པ་ནི་ཧ་ཅང་གིས་བསོད་ནམས་ཆེན་པོ་ཡིན་པ། དེ་རིང་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་ལ་བཅར་རྒྱུ་བྱུང་བ་ནི་མ་སྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་ཡིན་པ། ༧གོང་ས་མཆོག་གི་བླང་དོར་བཀའ་སློབ་རྣམས་ལག་བསྟར་ཐུབ་ན། ང་ཚོའི་ནུས་ཤུགས་གཏོར་ཐུབ་མཁན་སུ་ཡང་མེད་པ། ནང་ཁུལ་ཀྱི་གནད་དོན་ཆུང་རིགས་ལ་མགོ་མ་འཁོར་བར་གཅིག་སྒྲིལ་ཐོག་ནུས་པ་མཉམ་སྤུངས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་འདུག ཞབས་རིམ་གསོག་སྒྲུབ་ཀྱི་སྔོན་ཙམ་ལ་བདེ་སྲུང་བཀའ་བློན་མཆོག་གིས་བོད་རིགས་འབྲེལ་མཐུད་པའི་ལས་ཁུངས་ནང་ནིའུ་ཡོག་དང་ནིའུ་འཇར་སི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་རྣམས་མཇལ་ཏེ། ཁོང་ཚོའི་ཞུ་དོན་གསན་པ་དང་དེ་མཐུན་གྱི་ལམ་སྟོན་གནང་། དེ་རྗེས་བོད་ཀྱི་ཐེབས་རྩའི་འགན་འཛིན་སྦོབ་ཨན་ཀར་སིན་ (Bob Ankerson) དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དོན་ཟུར་རིན་ཆེན་དར་ལོ་མཇལ་ཏེ། གུང་ཟས་མཉམ་དུ་བཞེས་ཞོར་ལས་དོན་སྐོར་གླེང་མོལ་གོ་བསྡུར་དང་དགོངས་ཚུལ་བརྗེ་རེས་བཅས་གནང་ཡོད་འདུག
དེ་རྗེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། ལྷན་བཅར་བཀའ་བློན་གྱི་སྒེར་དྲུང་འཆི་མེད་བཀྲ་ཤིས་གཉིས་(JFK )གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
