ཝ་ཤིན་ཏྲོན་དུ་མི་རིགས་འདྲ་མིན་གྱིས་“༢༠༢༢ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་དགོས་”པའི་ལས་འགུལ་སྤེལ་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་གྲོས་ཚོགས་ཚོགས་ཁང་དུ་རྒྱ་ནག་གི་ཉེན་ཁར་གདོང་ལེན་ཚོགས་པ་(Committee on present danger China) དང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་(international Religious freedom moment) གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་འགའི་གོ་སྒྲིག་འོག བོད་དང་། ཡུ་གུར། སོག་པོ། ཧོང་ཀོང་སོགས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་བ་རྣམས་མཉམ་འབྲེལ་ཐོག་ནས་“༢༠༢༢ ལོའི་པེ་ཅིང་མི་རིགས་རྩ་མེད་ཀྱི་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་དགོས་”ཞེས་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འདུག
ཕྱི་ཟླ་༧ པའི་ཨ་རིའི་ཚེས་༡༣ ཉིན་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་དེའི་ཐོག བོད་དང་། སོག་པོ། ཤར་ཏུ་ཁི་སི་ཐན་སོགས་རྒྱ་ནག་གི་བཙན་དབང་འོག་ཏུ་ཡོད་པའི་མི་རིགས་ཁག་གི་ལས་འགུལ་བ་ཚོས་སོ་སོའི་རྒྱལ་དར་དང་། དགོས་འདུན་འཁོད་པའི་འཕྲེད་དར་ཐོགས་ནས་ངོ་རྒོལ་བྱས་འདུག་པ་མ་ཟད། མི་རིགས་དང་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ཅིའི་ཕྱིར་རྒྱ་ནག་ཏུ་འཚོགས་ལ་ཉེ་བའི་ཨོ་རྩལ་འགྲན་ཚོགས་ཆེན་པོ་དེ་བཀག་སྡོམ་བྱེད་དགོས་པའི་གཏམ་བཤད་ཀྱང་གནང་འདུག
རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་གིས་མཉམ་འབྲེལ་ཐོག་ནས་གོ་སྒྲིག་བྱས་པའི་ལས་འགུལ་འདིའི་ནང་དུ། བོད་ཀྱི་རང་དབང་འཐབ་རྩོད་པ་དང་ལས་འགུལ་བ་མི་ཉུང་བ་ཞིག་མཉམ་ཞུགས་བྱས་འདུག་པ་དང་། ཁོང་ཚོས་“བོད་རང་བཙན་ཡིན། བོད་དུ་རྒྱ་ནག་གིས་བཙན་འཛུལ་དང་བཙན་གནོན་བྱེད་བཞིན་ཡོད་པས། ༢༠༢༢ པེ་ཅིང་ཨོ་རྩེད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་”དང་། “༢༠༢༢ ལོའི་ཨ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་དགོས་”ཞེས་པའི་འབོད་ཚིག་འཁོད་པའི་འཕྲེད་དར་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱ་དར་ཐོགས་ནས་ངོ་རྒོལ་བྱས་འདུག
ལས་འགུལ་དེའི་ཐོག་ཏུ་ནིའུ་ཡོག་དང་ཧྥེ་ནེ་ཌེ་ཕེ་ཡ་ནས་བོད་རང་བཙན་ལས་འགུལ་བ་༢༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་གིས་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོང་གིས་“༢༠༠༨ ལོར་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་ཆེན་པོ་བྱས་ནས་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་འཚོགས་པ་རེད་ལ། དེ་བཞིན་རྒྱ་ནག་གིས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད། ཡིན་ན་ཡང་། དོན་དངོས་ནི་དེ་ལས་ཡོངས་སུ་ལྡོག་ནས་ཇེ་སྡུག་ཏུ་གྱུར་ཡོད། ཤིང་ཅང་ལ་ལྟོས་དང་། བོད་དང་། ཧོང་ཀོང་། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནས་སྟངས་ལ་ལྟོས་དང་། དེ་བཞིན་ཐའེ་ཝན་དང་རྒྱ་གར་ལ་འཕྲད་བཞིན་པའི་རྒྱུན་ཆད་མེད་པའི་འཇིགས་སྐུལ་ལ་ལྟོས་དང་། གལ་སྲིད་རྒྱ་ནག་གི་བཙན་ཤེད་མ་བཀག་པ་ཡིན་ན། གཞན་དག་པོ་མང་པོ་ལའང་གནོད་འཚེ་འཐེབ་ཆོག ༢༠༢༢ ལོའི་དགུང་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་པོ་དེ་ལོ་རྒྱུས་ནང་གི་དུས་སྐབས་ཤིན་ཏུ་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ངེས་པར་དུ་རྒྱ་ནག་ལ་བཙན་ཤེད་ཀྱི་བྱ་སྤྱོད་འདི་མཚམས་འཇོག་བྱེད་དུ་འཇུག་དགོས་”ཞེས་གསུངས་འདུག དེ་བཞིན་ཨ་བོད་ཚོགས་པའི་ངག་དབང་བཀྲ་ཤིས་ཀྱིས་བོད་དེ་རྒྱ་ནག་གིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་སྨོར་ལ་གཏམ་བཤད་གནང་བ་དང་། མི་རིགས་སོ་སོའི་རིག་གཞུང་འཁྲབ་སྟོན་སྐབས་ནིའུ་ཡོག་ལྷག་དཀར་ཚོགས་པས་བོད་གཞས་འཁྲབ་སྟོན་བྱས་ཡོད་པ་རེད།
༢༠༢༢ ལོའི་པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཇེ་ཉེར་འགྲོ་བཅར་བཞིན་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་(boycott) དང་། རྒྱལ་ཁབ་གཞན་དུ་སྤོ་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་གྲོས་ཚོགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་དེ། བདུན་ཕྲག་སྔོན་མ་རང་ལ་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན། ཡུ་རོབ་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ལོ་རྗེས་མའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་དུ་མཉམ་ཞུགས་མི་བྱེད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་མ་ཟད། བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་གྲོས་ཚོགས་སུའང་དེ་དང་གཅིག་མཚུངས་ཀྱི་གྲོས་འཆར་ཞིག་འདོན་གཏན་འཁེལ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།