ཨ་རུ་ན་ཅལ་རྩེད་འགྲན་པ་ཚོར་རྒྱ་ནག་གིས་(Stapled visa)མཐོང་མཆན་སྤྲད་རྒྱ་གར་གྱིས་བཀག་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་རྒྱ་གར་གྱི་རྩེད་འགྲན་པ་ཁག་ཅིག་གི་ཕྱི་སྐྱོད་ལག་ཁྱེར་ཐོག་དམ་ཕྲུག་མ་བརྒྱབ་པར་རྒྱ་ནག་ཏུ་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་པར་བརྟེན། རྒྱ་གར་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་དང་རྩེད་འགྲན་རུ་ཁག་དེ་ཉིད་རྒྱ་ནག་ཏུ་བཏང་མེད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༨ ནས་ཕྱི་ཟླ་༨ ཚེས་༨ བར་རྒྱ་ནག་གི་ཁྲེང་ཏུའུ་གྲོང་ཁྱེར་དུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་༣༡ ཞེས་པ་འཚོག་བཞིན་ཡོད་པ་དང་། རྩེད་འགྲན་དེའི་ཆེད་དུ་རྒྱ་གར་གྱི་དྲག་རྩལ་(Martial arts) ་རུ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༧ དགོང་མོ་རུ་ཁག་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཐོན་ལ་ཉེ་བའི་སྐབས་དེར། རྒྱ་གར་གཞུང་གིས་དྲག་རྩལ་རུ་ཁག་དེ་ལྡི་ལི་གནམ་ཐང་ལ་བཀག་ནས་རྒྱ་ནག་ཏུ་བཏང་མི་འདུག དྲག་རྩལ་རུ་ཁག་ནང་སྦྱོང་ཁྲིད་པ་གཅིག་དང་། རྩེད་འགྲན་པ་ལྔ། ལས་བྱེད་གཉིས་བཅས་ཁྱོན་བསྡོམས་མི་གྲངས་བརྒྱད་ཡོད་པ་དང་། དྲག་རྩལ་རྩེད་འགྲན་པ་གསུམ་ནི་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་གསུམ་ལ་(Stapled Visa) ཞེས། མཐོང་མཆན་ལག་ཁྱེར་ཐོག་དམ་ཕྲུག་བརྒྱབ་རྒྱུའི་ཚབ་ལ་ཤོག་བུ་འཕར་མ་ཞིག་སྦྱར་ནས་རྒྱ་ནག་ཏུ་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག
དེས་རྒྱ་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་རྩོད་གཞི་ཅན་གྱི་ས་ཁུལ་ཞིག་ལ་ངོས་འཛིན་བྱས་པ་ལས། ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྒྱ་གར་གཞུང་ལ་ཡོད་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་མེད་པ་མཚོན་གྱི་ཡོད་འདུག
རྒྱ་དཀར་ནག་གཉིས་ཀྱི་བར་འཕགས་བོད་ས་མཚམས་ཀྱི་དཀའ་ངལ་ཡོད་པ་མ་ཟད། ས་ཁུལ་བདག་དབང་གི་ཐོག་ལ་ཡང་རྩོད་གཞི་ཆེན་པོ་ཡོད་པར་བརྟེན། ཨ་རུ་ན་ཅལ་ནས་རྩེད་འགྲན་པ་དང་ལས་བྱེད་རྣམས་རྒྱ་ནག་ཏུ་འགྲོ་དུས་མཐོང་མཆན་ལག་ཁྱེར་སྤྲོད་ཕྱོགས་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག
ཕྱི་ལོ་༢༠༡༡ ལོར་ཨ་རུ་ན་ཅལ་ནས་ཡིན་པའི་ཀ་ར་ཊེ་(Karatekas) ་རྩེད་འགྲན་པ་ལྔ་རྒྱ་ནག་གིས་མཐོང་མཆན་ལག་ཁྱེར་ཐོག་དམ་ཕྲུག་མ་བརྒྱབ་ནས་ཆོག་མཆན་སྤྲད་ཡོད་ཀྱང་རྒྱ་གར་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག། ཕྱི་ལོ་༢༠༡༣ ལོ་ཨ་རུ་ན་ཅལ་ནས་ཡིན་པའི་མདའ་འཕེན་མཁན་གཉིས་ལ་རྒྱ་ནག་གཞུང་གིས་(Stapled visa) སྤྲད་པར་བརྟེན། རྒྱ་གར་གཞུང་གིས་ཁོང་གཉིས་རྒྱ་ནག་ཏུ་རྩེད་འགྲན་ལ་བཏང་མི་འདུག་ལ།
རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག གཞན་ཡང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཤ་ཤི་ཐ་རུར་(Shashi Tharoor) གྱིས་རྒྱ་ནག་གི་མཐོང་མཆན་ལག་ཁྱེར་ཞུ་མཁན་ཨ་རུ་ན་ཅལ་གྱི་རྩེད་འགྲན་པ་དང་མི་མང་ཚོ་ལ་འགོག་རྐྱེན་བཟོ་རྒྱུའི་ཚབ་ལ། རྒྱ་གར་གྱི་ངོས་ནས་བོད་ནས་རྒྱ་གར་གྱི་མཐོང་མཆན་ལག་ཁྱེར་ཞུ་མཁན་ཀུན་ལ་ཡང་(Stapled visa) ཞེས་དམ་ཕྲུག་མ་བརྒྱབ་པ་ཤོག་བུ་ཞིག་ཟུར་དུ་སྦྱར་ནས་མཐོང་མཆན་ལག་ཁྱེར་སྤྲད་དགོས་ཀྱི་འདུག་ཅེས་དང་། འཕགས་བོད་གཉིས་ཀྱི་ས་མཚམས་ཐག་གཅོད་མ་བྱུང་བར་མུ་མཐུད་ནས་དེ་ལྟར་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག
རྒྱ་དཀར་ནག་བར་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་གི་ཐོག་རྩོད་གཞི་ཡོད་པར་བརྟེན། ཨ་རུ་ན་ཅལ་ནས་ཡིན་པའི་རྩེད་འགྲན་པ་ཚོ་རྒྱ་ནག་ཏུ་རྩེད་མོ་འགྲན་བསྡུར་ལ་མཉམ་ཞུགས་བྱེད་རྒྱུའི་དཀའ་ངལ་འཕྲད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
