ནང་ཆོས་ཀྱི་སྤྱིའི་ཁྱད་ཆོས་སྐོར།
དེར་བརྟེན་སྲོག་གཅོད་པའི་རྒྱུ་དང༌། ཀུན་སློང༌། ངོ་བོ་སོགས་ག་འདྲ་རེད་འདུག་བལྟ་དགོས་ན། སློབ་སྦྱོང་མ་བྱས་ན་ཤེས་ཀྱི་ཡོད་མ་རེད། མ་མཐའ་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ངོ་ཤེས་པ་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དེ་ལས་ཟབ་ཙམ་ཞིག་ལ་ནོར་ལོངས་སྤྱོད་ཆེན་པོ་ཡོང་བ་ལ་སྦྱིན་པ་གཏོང་དགོས་རེད་ཟེར་དུས། སྦྱིན་པ་ག་འདྲ་གཏོང་དགོས་མིན་ཡང་ཤེས་དགོས་ཀྱི་ཡོད་རེད། ཚེ་ཕྱི་མ་གཟུགས་མཛེས་པོ་ཡོང་བ་ལ་བཟོད་པ་སྒོམ་དགོས་ཀྱི་ཡོད་རེད། དེ་ལ་བཟོད་པ་ཟེར་བ་ག་འདྲ་ཞིག་རེད། བཟོད་པའི་ངོ་བོ་ག་འདྲ་རེད། བཟོད་པའི་ཉམས་ལེན་ག་འདྲ་བྱེད་དགོས་པ་སོགས་སློབ་སྦྱོང་བྱེད་དགོས་ཀྱི་རེད། ཆོས་ཀྱི་མཐའ་མ་ཚེ་ཕྱི་མ་དོན་དུ་གཉེར་བ་ཡིན་ན་ཡང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དེ་ལས་ཟབ་ཙམ་ལ་དགེ་ཚུལ་དང༌། དགེ་སློང༌། དགེ་བསྙེན། ཁྱིམ་པ་ཡིན་རུང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དགེ་བསྙེན་གྱི་སྡོམ་པ་ཞུ་རྒྱུ་ཡོད་རེད། དགེ་བསྙེན་གྱི་སྡོམ་པ་ལ་རྩ་བ་ལྔ་ཟེར་བ་དགེ་བསྙེན་གྱི་མི་མཐུན་ཕྱོགས་དེ་ཚོ་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དགེ་ཚུལ་སློང་ལ་ཆ་བཞག་ན་དགེ་ཚུལ་གྱི་སྤོང་བྱ་དེ་ཚོ་ངོ་ཤེས་དགོས་ཀྱི་རེད། སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད།
དེ་ལས་ཟབ་ཙམ་ལ་ཐར་པ་དང་གཏན་དུ་བདེ་བ་ཐོབ་པ་ལ་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་དེ་དོར་དགོས་ཀྱི་ཡོད་རེད། དེར་བརྟེན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་རྒྱུ་གང་ལ་བརྟེན་ནས་བྱུང་བ་རེད། རྒྱུ་མ་རིག་པ་ལ་བརྟེན་ནས་བྱུང་བ་རེད། དེ་ལ་བརྟེན་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཤེས་དགོས་ཀྱི་ཡོད་རེད། དེ་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དེ་ལས་ཟབ་ཙམ་བཤད་ན། འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དེ་ང་ཚོའི་རྒྱུད་ལ་ཡོད་རེད་དེ། ང་ཚོས་ད་ལྟ་ངོ་ཤེས་ཀྱི་མི་འདུག་གཱ ངོ་མི་ཤེས་པ་ག་རེ་རེད་ཟེར་ན། སློབ་སྦྱོང་མ་བྱས་སྟབས་ངོ་མ་ཤེས་པ་རེད། གྲྭ་ས་ལ་མཚན་ཉིད་སྦྱོང་བ་དང༌། སློབ་སྦྱོང་གང་འཚམ་བྱེད་མཁན་ཚོས་བདག་འཛིན་མ་རིག་པ་ཟེར་བ་དེ་འདྲ་ཞིག་རེད། དེ་ཡུལ་ལོག་པ་ཞིག་རེད། བློ་ལོག་ཤེས་ཤིག་རེད། བདག་འཛིན་མ་རིག་པ་ཟེར་བ་དེ་འདྲ་ཞིག་རེད། དེ་རང་གི་རྒྱུད་ལ་ཡོད་པ་ལ་བརྟེན་ནས་འདོད་ཆགས་སྐྱེ་ཡོང་གི་ཡོད་རེད། འདོད་ཆགས་དེས་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་དེ་སླེབས་ཀྱི་ཡོད་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། མི་རྟག་སོགས་བཅུ་དྲུག་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཤེས་དགོས་པ་ཡིན་ན། སློབ་སྦྱོང་གི་ཚད་གཞི་གང་ལ་གང་འཚམ་ཞིག་མེད་ན། མི་རྟག་སོགས་བཅུ་དྲུག་ངོ་ཤེས་ཁག་པོ་རེད། ཆོས་ལ་སློབ་སྦྱོང་མ་བྱས་ན་ཆོས་ཀྱི་ངོ་བོ་ཤེས་ཀྱི་ཡོད་མ་རེད།
དྲི་བ། ནང་པའི་ཆོས་དང་ཚན་རིག་གཉིས་དབར་མཐུན་པའི་ཆ་ཡོང་གི་ཡོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། ཚན་རིག་ཤེས་ཀྱི་མེད་དེ། རྩ་བའི་ཚན་རིག་གིས་ཡུལ་དངོས་པོའི་གནས་ཚུལ་གཏན་ལ་འབེབ་ཀྱི་ཡོད་པ་རེད། དཔེར་ན། ང་ཚོ་མི་ཡིན་ན་རྒྱུ་རྐྱེན་ལས་སྐྱེས་པ་རེད། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། རྒྱུ་དང་རྐྱེན་ལ་བརྟེན་ནས་འགག་འགྲོ་ཡི་ཡོད་རེད། དེ་ཚོ་ཚན་རིག་གིས་གཏན་ལ་འབེབ་ཀྱི་ཡོད་རེད། ང་ཚོ་ནང་པ་སངས་རྒྱས་པས་མིའི་ལུས་ཟེར་བ་དེ་ཐོག་མར་མ་རིག་པའི་ལས་བསགས་ནས་གནས་སྐབས་འདུ་བྱེད་ཀྱི་ལས་བསགས་པའི་རྒྱུ་རྐྱེན་ལས་བརྟེན་ནས་བྱུང་བ་རེད། རྒྱུ་དང་རྐྱེན་དེ་རྫོགས་འགྲོ་དུས་འབྲས་བུ་དེ་རྫོགས་འགྲོ་ཡི་ཡོད་རེད་ཅེས་པ་རེད།
གཙོ་བོ་སེམས་ཁམས་རིག་པའི་ཐོག་ནས་འགྲོ་ཡི་ཡོད་རེད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ལ་སེམས་ཀྱི་གནས་ཚུལ་དེ་གསལ་པོ་མང་པོ་ཡོད་རེད། ནང་གི་སེམས་དང་ཤེས་པ་ཟེར་བ་དེར་ཚན་རིག་གིས་བརྟག་དཔྱད་བྱེད་ཡོང་དུས་ནང་པ་སངས་རྒྱས་པས་གསུངས་པ་དང་མཐུན་ཡོང་གི་ཡོད་རེད། ཚན་རིག་གིས་ཡུལ་དངོས་པོ་ལ་བརྟག་དཔྱད་བྱས་པ་དང་ནང་པའི་གཞུང་ནས་གསུངས་པ་གཉིས་མཐུན་ཡོང་གི་ཡོད་རེད། དེ་ལ་བརྟེན་ནས་ཚན་རིག་གིས་ནང་པའི་ཆོས་ལ་བློ་སྐྱེད་ལེན་རྒྱུ་དང༌། ནང་པ་སངས་རྒྱས་པས་ཚན་རིག་གི་ལེགས་ཆ་ལེན་པ་བཅས་ཕན་ཚུན་གྱི་འབྲེལ་བ་ཡོད་ས་རེད།
དྲི་བ། ནང་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ག་རེ་རེད།
ལན། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ངས་ཞུས་པ་བཞིན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད། དཔེར་ན། ང་རང་ཚོ་ལ་དཀའ་ངལ་ཞིག་བྱུང་བ་ཡིན་ན། མི་ཞིག་རོགས་རམ་དུ་འཚོལ་དགོས་ཀྱི་འདུག་གཱ ག་རེ་བྱས་ནས་བྱེད་དགོས་བྱུང་བ་རེད་ཟེར་ན། སོ་སོའི་དཔལ་འབྱོར་དང༌། ཡང་ན་ཤེས་ཡོན་གྱིས་མ་འདང་བ་ཡིན་དུས་མི་ཤེས་ཡོན་ཡོད་མཁན་ཞིག་དང༌། དཔལ་འབྱོར་ཡོད་མཁན་ཞིག་ལ་རེ་བ་རྒྱག་དགོས་ཀྱི་འདུག་གཱ
དེ་ནང་བཞིན་ང་རང་ཚོས་སྐྱབས་གནས་དཀོན་མཆོག་གསུམ་ཟེར་མཁན་དེ་ག་རེ་རེད་ཟེར་ན། སྐྱབས་དངོས་དེ་ཆོས་དཀོན་མཆོག་རེད། ཆོས་དཀོན་མཆོག་ཟེར་མཁན་དེ་འགོག་བདེན་དང་ལམ་བདེན་ཟེར་བ་དེ་རེད། འགོག་བདེན་དང་ལམ་བདེན་ཟེར་བ་དེ་རང་གི་རྒྱུད་ལ་སྐྱེས་པ་ཡིན་ན། ངན་སོང་ལས་སྐྱོབ་ཐུབ་ཀྱི་ཡོད་རེད། དེ་མ་ཟད་འགོག་བདེན་དང་ལམ་བདེན་གྱི་གཞི་ལ་ཐུག་འགྲོ་ཡི་ཡོད་རེད། དེར་བརྟེན། འགོག་ལམ་གཉིས་སྟོན་མཁན་ཞིག་ལ་རེ་བ་རྒྱག་དགོས་ཀྱི་ཡོད་རེད། སྐྱབས་སྟོན་མཁན་སངས་རྒྱས་ལ་རེ་བ་རྒྱག་དགོས་ཀྱི་ཡོད་སྟབས་སངས་རྒྱས་དཀོན་མཆོག་ཟེར་བ་ཆགས་པ་རེད། འགོག་ལམ་གཉིས་རྒྱུད་ལ་སྐྱེ་བ་ལ་གྲོགས་དགེ་འདུན་དཀོན་མཆོག་ལ་བརྟེན་དགོས་ཀྱི་ཡོད་རེད། ཁ་མིག་ཡར་བལྟ་བྱེད་ས་ལྟ་བུ་དེ་རེད། དེར་བརྟེན། སྐྱབས་དངོས་དེ་འགོག་ལམ་གཉིས་རེད། འགོག་ལམ་གཉིས་དེ་རང་གིས་ཤེས་པ་ལ་སྟོན་མཁན་ཞིག་དགོས་ཀྱི་ཡོད་རེད། དེ་འཁྲུལ་བ་མེད་པ་ཤེས་མཁན་དེ་སངས་རྒྱས་དཀོན་མཆོག་ཆགས་བསྡད་ཡོད་རེད། དེར་བརྟེན་སངས་རྒྱས་ནི་སྐྱབས་སྟོན་པ་པོ། ཆོས་འགོག་ལམ་གཉིས་དེ་སྐྱབས་དངོས། དགེ་འདུན་དེ་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད། ཐར་པའི་གོ་འཕང་ཐོབ་པ་ལ་སྐྱབས་གསུམ་ལ་བློ་གཏད་བཅོལ་བ་དང༌། རེ་བ་རྒྱག་དགོས་ཀྱི་ཡོད་པ་རེད། ང་ཚོས་དཀའ་ངལ་སེལ་ཆེད་དུ་མི་ཞིག་ལ་རེ་བ་རྒྱག་པ་ནང་བཞིན་བྱེད་དགོས་པ་རེད། དེ་ཚོ་ནང་པའི་ཆོས་ལ་སློབ་སྦྱོང་ཕྲན་ཙམ་མ་བྱས་ན་བཤད་ཆོག་ཆོག་ཅིག་ཆགས་ཀྱི་ཡོད་མ་རེད།
དྲི་བ། བོད་པའི་སྤྱི་ཚོགས་ནང་དུ་དམར་ཟས་ཟ་བའི་གོམས་གཤིས་དེ་ནང་པའི་ཆོས་དང་མཐུན་གྱི་ཡོད་དམ།
ལན། དེ་ནང་པའི་ཆོས་དང་མཐུན་གྱི་མ་རེད། དམར་ཟས་ཟ་བ་དེ་སྲོག་གཅོད་པ་ལ་བརྟེན་ནས་ཡོང་གི་ཡོད་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགེ་ཚུལ་སློང་ལྟ་བུ་ཡིན་ན་གཞན་གནོད་གཞི་དང་བཅས་པ་ཟེར་བ་དེ་སྲོག་གཅོད་པ་སྤང་དགོས་ཀྱི་ཡོད་རེད། སྲོག་གཅོད་པའི་གཞི་དང་བཅས་པ་བསྡམ་དགོས་ཀྱི་ཡོད་རེད། དེ་ང་ཚོ་ནང་པའི་ཆོས་དང་མཐུན་གྱི་མ་རེད་ལ། མི་ཡ་རབས་ཀྱི་སྤྱོད་པ་དང་མཐུན་གྱི་མ་རེད། ཤ་ཟ་བ་དེ་སྲོག་ཆགས་གཞན་ལ་གནོད་པ་བྱེད་དགོས་ཀྱི་ཡོད་རེད། གཞན་ལ་གནོད་པ་བྱེད་པ་དེ་ཡ་རབས་ཀྱི་སྤྱོད་པ་དང་མཐུན་གྱི་ཡོད་མ་རེད། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་གྱི་མ་རེད་ལ། ཆོས་དང་དེ་བས་ཀྱང་མཐུན་གྱི་མ་རེད།།