སླེབས་ལ་ཉེ་བའི་འབར་མའི་འོས་བསྡུ་ཆེན་མོ།
ཟླ་འདིའི་ཚེས་༦ ཉིན་བྷི་བྷི་སིའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་རྗེས་མའི་ཚེས་༧ ཉིན་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་ཁེལ་ཡོད་པ་དང། ད་ལྟའི་སྐབས་འབར་མའི་དམག་གཞུང་གིས། གསར་འགོད་པ་དང། ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་ཕྱི་རྒྱལ་བ་ཚོར་དམ་དྲག་བྱེད་བཞིན་ཡོད་པ་དང། འབར་མིའི་དམག་གཞུང་གིས་གསར་དུ་བཟོས་པའི་འོས་བསྡུའི་སྒྲིག་གཞི་ལག་ལེན་བསྟར་དགོས་པའི་ཁྱབ་བསྒྲགས་ཡང་བྱེད་ཀྱི་ཡོད་པ་རེད།
འོས་བསྡུའི་སྒྲིག་གཞི་དེའི་ནང་། བཙོན་ཁང་དང་བཀག་ཉར་འོག་ཏུ་ཡོད་པ་ཚོ་འོས་ཁོངས་སུ་ཞུགས་མི་ཆོག་པ་བཟོས་ཡོད་པ་དང། དེའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་སྐབས་བཀག་ཉར་འོག་ཏུ་ཡོད་པའི་འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨ་སན་སུ་ཅེ་འོས་མིའི་ཁོངས་སུ་འཛུལ་རྒྱུ་བཀག་འགོག་གི་ཆེད་དུ་ཡིན་པ་དང། སྔོན་དུ་༡༩༩༠ ལོའི་འབར་མིའི་འོས་བསྡུའི་སྐབས་ལྕམ་སུ་ཅེ་མཆོག་ལ་འོས་འཕེན་གྱི་རྒྱལ་ཁ་ཐོབ་ཡོད་རུང། འབར་མའི་དམག་གཞུང་གིས་ཁས་ལེན་བྱས་མེད་པ་རེད།
འབར་མའི་མང་གཙོ་ཚོགས་པའི་མགྲིན་ཚབ་པས། “ང་ཚོ་དབུས་གཞུང་གི་མི་སྣ་དང་ཐུག་འཕྲད་སྐབས། ལྕམ་སུ་ཅེ་འོས་ཁོངས་ནས་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པ་དང། དེ་བཞིན་ད་ལྟའི་སྐབས་ང་ཚོའི་ཚོགས་མི་༥༠༠ ལྷག་ཙམ་བཙོན་ཁང་དུ་ཡོད་པ་ཚོའང་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་བྱུང་བས། ང་ཚོས་དེ་འདྲ་རྩ་བ་ནས་བྱེད་ཐུབ་ས་མ་རེད་”ཅེས་བརྗོད་ཡོད་པ་རེད། ལྕམ་སུ་ཅེ་མཆོག་གིས་འོས་བསྡུའི་སྐོར་གསུང་འཕྲིན་ཞིག་བཏང་ཡོད་པའི་ནང། “གལ་སྲིད་སུ་འདྲ་ཞིག་གིས་མང་གཙོ་ཚོགས་པའི་མི་ལ་འོས་འཕེན་འདོད་ཡོད་ན། གཞུང་གིས་གོ་སྒྲིག་བྱས་པའི་འོས་འཕེན་གྱི་ས་ཚིགས་སུ་འགྲོ་རྒྱུ་མེད་ལ། མི་སུ་འདྲ་ཞིག་ལ་འོས་ཤོག་འཕེན་མི་རུང། རྒྱུ་མཚན་ནི་ཁྱེད་རང་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་རེད་”ཅེས་བརྗོད་ཡོད་པ་རེད།
ད་ལྟའི་འབར་མིའི་གྲོས་ཚོགས་ནང་གསར་ཞུགས་ལ་རྐུབ་སྟེགས་༢༥ ཡོད་ཅིང། ས་གནས་ཀྱི་གྲོས་ཚོགས་ཡོངས་རྫོགས་དམག་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པ་དང་། གཞུང་གི་དཔོན་རིགས་མང་པོ་ཞིག་ལས་གནས་ནས་རྩ་དགོངས་ཞུས་ཏེ། གྲོས་ཚོགས་ཀྱི་དབང་ཆ་རག་ཐབས་སུ་གཞུང་གི་བཀའ་རྒྱ་བཞིན། མི་མང་དཀྱུས་མའི་རྣམ་པའི་ཐོག་ནས་འོས་མིའི་ཁོངས་སུ་ཞུགས་ཀྱི་ཡོད་པས། མི་མང་དང་མང་གཙོ་ཚོགས་པའི་འཐུས་མི་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ལྕམ་སུ་ཅེ་མཆོག་གི་ཁྲིམས་རྩོད་པས། “རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྗེས་སུ་དབང་ཆ་འཛིན་མཁན་དམག་གཞུང་གི་འཐུས་མི་ཡོང་གི་རེད་ལ། བསྒྱུར་བཅོས་ནི་དམག་གི་སྒྲིག་ཆས་དང་གྱོན་གོས་གཏོང་གི་རེད། གཞན་གནས་སྟངས་གང་ལའང་འགྱུར་ལྡོག་འགྲོ་ཡི་མ་རེད་”ཅེས་བརྗོད་ཡོད་པ་རེད།
.
.
