རྒྱ་བོད་ཀྱི་གནས་བབ་ལ་རྒྱ་གར་གྱིས་བསྐྱར་ཞིབ་ཅེས་པའི་ཚོགས་འདུ།
ཟླ་འདིའི་ཚེས་༢༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་བོད་ཀྱི་གནས་བབ་ལ་རྒྱ་གར་གྱིས་བསྐྱར་ཞིབ་ཅེས་པའི་ཚོགས་འདུ་ཟླ་འདིའི་ཚེས་༡༥ ཉིན་ནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་དབུས་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་པ་བཅས་ཀྱི་གོ་སྒྲིག་འོག་ཉིན་ལྔའི་རིང་འཚོགས་ཡོད་པ་རེད། ཚོགས་འདུའི་ཉིན་དང་པོ་རྒྱ་ནག་གི་སྲིད་བློན་ཝུན་རྒྱ་གར་དུ་སྐོར་བསྐྱོད་བྱས་པའི་སྐབས་དང་འཁེལ་ཡོད་པ་རེད། ཚོགས་འདུའི་ཐོག་རྒྱ་གར་གྱི་དཔལ་འབྱོར་དང་དམག་དོན་ལྷན་ཁང་གི་འགན་འཁུར་བ། རྩོམ་པ་པོ་སོགས་ཕེབས་ཡོད་པ་དང། གསུང་བཤད་གནང་མཁན་གཙོ་བོ་རྒྱ་གར་གྱི་སཱ་མཱ་ཏཱ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཟུར་པ་ཇཱ་ཡཱ་རྗ་ཊི་ལི་མཆོག་དང། ལྡི་ལི་བོད་གཞུང་དོན་གཅོད་བསྟན་པ་ཚེ་རིང་མཆོག་སོགས། རྒྱ་དཀར་ནག་གཉིས་དང་བོད་ཀྱི་གནས་བབ་ལ་མཁྱེན་རྒྱ་ཡངས་པའི་རྒྱ་གར་གྱི་མཁས་དབང་མང་པོ་ཕེབས་ཡོད་པ་རེད།
ཚོགས་འདུ་དེའི་དགོས་དམིགས་གཙོ་བོ་ནི། དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ཚོང་དོན་ལས་གཞི་སོགས་ཡར་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱལ་ཁབ་འདི་གཉིས་ལ་འབྲེལ་བ་འཛིན་རྒྱུར་གལ་ཆེན་བརྩི་བཞིན་ཡོད་ཅིང། དེ་ནས་རྒྱ་དཀར་གཉིས་ནང་ཁུལ་དུ་ས་མཚམས་དང་དམག་དོན། བོད་ཀྱི་གནས་བབ་བཅས་ལ་བཟུང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་འགལ་ཟླ་ཅན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་སེལ་ཐབས་དང་། ལོ་རྒྱུས་ཐོག་རྒྱ་དཀར་ནག་གཉིས་ཀྱི་གནས་བབ་ཇི་ལྟར་ཡིན་མིན། རྒྱ་ནག་གིས་བོད་དབང་སྒྱུར་བྱས་ནས་རྒྱ་གར་ལ་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་མེད། བོད་ཀྱི་ཁོར་ཡུག་གིས་རྐྱེན་བྱས་ཏེ་རྒྱ་གར་ལ་དཀའ་ངལ་ཇི་ལྟར་འཕྲད་ཀྱི་ཡོད་མེད། ༧གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་ག་འདྲ་ཡིན་མིན་བཅས་ལ་བགྲོ་གླེང་བྱས་ཡོད་པ་རེད།
ལོ་རྒྱུས་ཐོག་བགྲོ་གླེང་བྱེད་སྐབས་བརྗོད་དོན། རྒྱ་ནག་ནི་ནམ་ཡང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་མིན་པ་དང། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཆགས་ནས་རྒྱ་གར་ལ་དེང་སྐབས་དཀའ་ངལ་འཕྲད་བཞིན་ཡོད་ཅིང། དོན་དུ་སྔོན་དུས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་རྒྱ་གར་གཞུང་གིས་ཐེ་གཏོགས་གང་ཡང་མ་གནང་བས། ད་ལྟའི་སྐབས་དཀའ་ངལ་འདི་འཕྲད་བཞིན་ཡོད་སྐོར་དང། དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཕྱོགས་གཉིས་ཀས་དམག་དཔུང་ཕོན་ཆེན་གྱི་རྟེན་གཞི་བྱས་ཡོད་པ་དེ། འཛམ་གླིང་རྒྱལ་ཁབ་མང་པོས་དོ་སྣང་བྱེད་ཡུལ་དང་འཛམ་གླིང་ནང་ས་མཚམས་ཀྱི་དམག་དཔུང་གཞི་རྒྱ་ཆེ་ཤོས་ཆགས་ཡོད་སྐོར་དང། དེ་དང་འབྲེལ་ནས་འགྲོ་གྲོན་ཡང་ཕོན་ཆེན་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།
ཕྱི་ལོ་༡༩༥༠ ལོར་དམར་ཕྱོགས་ཀྱི་ལྟ་གྲུབ་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཏུ་དར་ཁྱབ་བྱུང་ནས། བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཡོད་པ་དང། དེང་སྐབས་དམར་ཕྱོགས་རྒྱ་བསྐྱེད་རིང་ལུགས་ཀྱི་ལྟ་གྲུབ་ཐོག་ནས། རྒྱ་གར་གྱི་ས་ཁུལ་ཁག་ལའང་བཙན་འཛུལ་བྱས་ནས་རྒྱ་བསྐྱེད་གཏོང་རྒྱུའི་འཆར་འགོད་དང་ལག་བསྟར་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་པ་རེད།
ཁོར་ཡུག་གི་སྐོར་བགྲོ་གླེང་བྱེད་སྐབས། བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་ལ། བོད་མི་ལས་རྒྱ་གར་མི་མང་ལ་སེམས་འཚབ་ཆེ་བ་ཡོད་པ་དང། བོད་ནས་ཡོང་བའི་གཙང་པོ་ཁག་ཨེ་ཤ་ཡའི་མི་འབོར་ས་ཡ་མང་པོས་བེད་སྤྱོད་གཏོང་གི་ཡོད་པས། གལ་སྲིད་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་བྱུང་ན་མི་མང་པོའི་ཚེ་སྲོག་ལ་དོ་ཕོག་བྱུང་བ་དང་ཁྱད་མེད་པས། བོད་ཀྱི་ཁོར་ཡུག་ནི་གལ་འགངས་ཤིན་ཏུ་ཆེ། དེང་སྐབས་ཡར་ལུང་གཙང་པོར་རྒྱ་ནག་གིས་ཆུ་མཛོད་རྒྱག་བཞིན་ཡོད་པས། རྒྱ་གར་གཞུང་གིས་དུས་ཐོག་ངོ་རྒོལ་གྱི་ལས་འགུལ་ལག་བསྟར་བྱེད་མ་ཐུབ་ན། ཉིན་ཅིག་རྒྱ་གར་གྱི་བྱང་ཤར་ས་ཁུལ་དེ་བྱེ་ཐང་དུ་འགྱུར་རྒྱུ་དང། ས་ཁུལ་དེའི་ནང་ཡོད་པའི་མི་མང་པོའི་འཐུང་ཆུའི་རང་དབང་ཤོར་ནས་ལྟོགས་ཤི་ཐེབས་སྲིད་པ་རེད་ཅེས་བགྲོ་གླེང་ཤུགས་ཆེན་བྱས་ཡོད་པ་རེད།