༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་ཁྲིམས་མཐུན་མ་རེད།

ཟླ་འདིའི་ཚེས་༢༩  ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན།   ན་ནིང་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་༧གོང་ས་མཆོག་ཡུལ་ཆེར་ཕེབས་རྒྱུར་ཐོངས་མཆན་ལག་ཁྱེར་མ་ཕུལ་བ་དེ།  ཁྲིམས་དང་མི་མཐུན་པ་ཞིག་རེད་ཅེས་ལྷོ་ཨ་ཧྥི་རི་ཀའི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁ་ཞིག་ནས་ཐག་གཅོད་གནང་འདུག

དེ་ཡང་ཕྱི་ལོ་༢༠༡༡  གི་ཟླ་བ་༡༠  པའི་ནང་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་རྡེ་སི་མོན་ཊུ་ཊུ་དགུང་གྲངས་༨༠  ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་དགའ་སྟོན་ཆེད།   སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་མགྲོན་འབོད་གནང་ཡོད་ཀྱང།   ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་ཐོངས་མཆན་ཕྱག་ཁྱེར་འབུལ་རྒྱུར་དུས་འགྱངས་བྱས་རྐྱེན།   མཐར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་ཐུབ་མེད་པ་རེད།

གནད་དོན་དེའི་ཐོག་བསྐྱར་ཞུ་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་(Supreme Court of Appeal) གིས་ལྷོ་ཨ་ཧྥི་རི་ཀའི་ནང་སྲིད་བློན་ཆེན་ཟུར་པ་ལྕམ་ཌལ་མི་མི་ཛུ་མར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང།    ཁོ་མོ་ནི་ན་ནིང་རྒྱལ་ཁབ་དེའི་བློན་ཆེན་ཡིན་སྐབས་༧གོང་ས་མཆོག་ལ་ཆེད་མངགས་ཐོངས་མཆན་ལག་ཁྱེར་འབུལ་རྒྱུ་དུས་འགྱངས་བྱས་ཡོད།   གནད་དོན་དེའི་འབྱུང་རྩ་རྒྱ་ནག་གཞུང་གིས་གནོན་ཤུགས་ཁོ་ནའི་འོག་བྱུང་བར་འདོད་མཁན་ཡང་ཧ་ཅང་མང།    སྤྱིར་ལྕམ་ཌལ་མི་མི་ཛུ་མ་ཁོང་ད་ལྟའི་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཇ་ཀོབ་ཛུ་མའི་སྐུ་ཟླ་ཟུར་པ་ཡིན་པ་དང།   ཁོང་ད་ལྟ་ཨ་ཧྥི་རི་ཀའི་མཐུན་ཚོགས་ (African Union)  ཀྱི་ཚོགས་གཙོ་ཡིན་པ་རེད།

བསྐྱར་ཞུ་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གིས་མུ་མཐུད་བརྗོད་དོན།   ཐོངས་མཆན་ལག་ཁྱེར་ཕུལ་མ་ཕུལ་གྱི་ཐག་གཅོད་གཡོལ་ཐབས་སུ་ཆེད་མངགས་དུས་འགྱངས་བྱས་ཡོད་པ་དང།   བློན་ཆེན་བྱེ་བྲག་པ་དེས་ཐོབ་ཐང་མེད་པར་དོན་མེད་དུས་འགྱངས་བྱས་ཡོད་པ་སྨོས་མི་དགོས་པ་རེད་ཅེས་བརྗོད་འདུག

དུས་འགྱངས་ཀྱི་སྲིད་ཇུས་འོག་༧གོང་ས་མཆོག་སྐུ་ཞབས་རྡེ་སི་མོན་ཊུ་ཊུའི་འཁྲུངས་སྐར་ཉིན་ཕེབས་མ་ཐུབ་པར།  སྐུ་ཞབས་ཊུ་ཊུས་རང་རྒྱལ་ཀྱི་སྲིད་གཞུང་དེ་དེ་སྔ་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་དུས་ངན་ (ལྷོ་ཨ་ཧྥི་རི་ཀའི་ནང།)  ལས་ཆེས་སྡུག་པར་ཡིན་ལུགས་སྐྱོན་འཛུགས་བྱས་ཡོད་མོད།    ཐེངས་འདིའི་ཐག་ཆོད་གསལ་བསྒྲགས་ལ་དགའ་བསུ་དང་སྐུ་ཞབས་ཊུ་ཊུའི་དགུང་གྲངས་༩༠  པའི་འཁྲུངས་སྐར་བསྲུ་བརྩིའི་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་དངོས་སུ་ཕེབས་བཅར་ཐུབ་པའི་ཁོང་གི་ཡིག་ཚང་ནས་རེ་བ་གནང་འདུག །