ཨ་རི་དང་རྒྱ་ནག་གཉིས་ཚོང་འབྲེལ་སླར་གསོའི་ལམ་བུར་བསྐྱོད་འཆར།
དེ་ཡང་ཨ་རིའི་མང་ཚོགས་ལས་དོན་དྲུང་གཞོན་ཕི་ཇི་ཁརོ་ལེ་ཡིས། ང་ཚོའི་འབྲེལ་ལམ་ཕྲན་བུ་རྩུབ་སར་ཕྱིན་ཡོད་མོད། མི་འགྱང་བར་རྒྱལ་ཁབ་གཉིས་ཀས་ཤུགས་སྣོན་འདྲ་མཉམ་བརྒྱབ་ནས་ཚོང་འབྲེལ་སྔར་ལྟར་སླར་གསོ་དང་ཡར་རྒྱས་གཏོང་རྒྱུར་ཕྱོགས་གཉིས་ཀར་གནད་སྨིན་དང་ཁེ་ཕན་ཡོད་སྐོར་བརྗོད་ཡོད་པ་རེད།
ཉེ་ལམ་ཨ་རི་དང་རྒྱ་ནག་གཉིས་དབར་འགལ་ཟླ་དང་ཁ་གཏད་ཀྱི་རྣམ་འགྱུར་ཤུགས་ཆེར་སྟོན་རེས་དང་གནད་དོན་ཁ་ཤས་ཀྱི་ཐད་གླེང་སློང་ཡུན་རིང་བྱུང་བ་མ་ཟད། ལྷག་པར་འགྲོ་བ་མིའི་ཐོབ་ཐང་དང་ཐེ་ཝན་དུ་ཨ་རིས་གོ་མཚོན་ཚོང་གཉེར། བོད་རྒྱ་ཞི་མོལ། ༸གོང་ས་མཆོག་དང་ཨོ་བྷ་མ་གཉིས་མཇལ་འཕྲད་སོགས་ཀྱི་གནད་དོན་ཐོག་ཚིག་མཚོན་འདེབས་རེས་ཀྱང་བྱས་ཡོད་པ་རེད།
བདུན་འདིའི་ནང་ཨ་རིའི་རྒྱལ་སྲིད་ཀྱི་དྲུང་གཞོན་ཇིམ་ཊིན་བྷེག་མཆོག་ཨ་རྒྱ་གཉིས་ཀྱི་གནད་དོན་སྣ་ཚོགས་ཤིག་གི་སྟེང་གྲོས་མོལ་ཆེད་རྒྱ་ནག་པེ་ཅིན་དུ་སྐྱོད་གཏན་ཁེལ་ཟིན་པ་དང། དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་བ་གཞི་རྒྱ་ཆེ་ལ་གཏིང་ཟབ་ཅིང། མགོ་རྙོག་ཆེ་བ་ཞིག་རེད། ཕན་ཚུན་གྲོས་མཐུན་ཡོང་དགོས་སའི་གནད་དོན་དུ་མ་ཡོད་པ་དང། བྱང་ཀོ་རི་ཡ་དཔེ་མཚོན་གཅིག་རེད། ཨི་རན་དཔེ་མཚོན་གཞན་ཞིག་རེད་ཅེས་མང་ཚོགས་ལས་དོན་གྱི་དྲུང་གཞོན་ཁརོ་ལེ་ཡིས་བརྗོད་ཡོད་པ་རེད། ཡང་ཁོང་གིས་མུ་འཐུད་ནས་བརྗོད་དོན། བོད་རྒྱ་ཞི་མོལ་དང་འབྲེལ་ནས་བརྗོད་ན་ཨ་རིའི་རྒྱལ་དོན་ཐད་ལྟ་ཚུལ་མི་འདྲ་བ་ཞིག་ཡོད་པ་རེད། ཡང་ས་གནས་བདེ་སྲུང་སྐོར་ནས་བརྗོད་ན་ཐེ་ཝན་དང་འབྲེལ་བ་ཡོད་པ་ཞིག་རེད། རྒྱལ་ཁབ་གཉིས་ཀའི་ཕྱོགས་ནས་གཉིས་མོལ་གྱིས་བདེ་འཇགས་ཀྱི་གནད་དོན་ཁག་ཅིག་ཡོད་པ་རེད། ཁོར་ཡུག་དང་གནམ་གཤིས་སོགས་ཀྱི་ཐད་མཉམ་ལས་བྱེད་དགོས་པའི་གནད་དོན་ཡང་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
དེ་སྔོན་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་ཞན་དུ་ཕྱིན་ཡོད་ཅིང་བར་ལམ་ཕན་ཚུན་འགལ་ཟླའི་རང་བཞིན་དུ་གྱུར་ཡོད་ཀྱང་སླར་གསོ་མ་བྱས་ཐབས་མེད་དུ་གྱུར་ཡོད་པ་དང་ཕན་ཚུན་བསམ་ཤེས་བྱེད་རྒྱུར་ཕྱོགས་གཉིས་ཀས་གོ་སྐབས་འཚོལ་བའི་དུས་ཚོད་ཅིག་སླེབས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།
