ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།
དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
འདོན་ཐེངས་སྔོན་མའི་འཕྲོས།
ངོས་ནས་སྤྱིར་བཏང་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཞིག་ཡོད་པའི་གསལ་པོ་མ་རྙེད་ལ། ལྷག་པར་གོང་དུ་བགྲངས་པའི་ལོ་ཚིགས་དེ་དག་ནི་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་པ་དེ་བས་ཀྱང་མི་སེམས་སོ། །གང་ལགས་ཤེ་ན། བོན་སྒོ་དུས་དེབ་ཀྱི་ངོས་སུ་ལོ་ཚིགས་དེ་ལ་བོད་རྒྱལ་ལོ་ཞེས་འཁོད་ཡོད་པ་དང༌། དེང་ཚེ་ཡོངས་སུ་གྲགས་ཆེ་བའི་རྫ་དཔལ་སྤྲུལ་རིན་པོ་ཆེས་གཉའ་ཁྲི་བྱོན་ལོ་ཕྱི་ལོའི་སྔོན་གྱི་ལོ་བརྒྱ་དང་ཉེར་བདུན་གསུངས་ཚུལ་དྲངས་པ་ལ་སོགས་དེ་དག་གང་ཞིག་བགྲངས་ཀྱང་བོད་རྒྱལ་ལོ་ཞེས་བགྲང་བཞིན་པ་ལས་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཞེས་བགྲང་སྲོལ་ཕལ་ཆེར་ཡིག་རིགས་གང་དུའང་མི་འདུག་སྙམ། གལ་ཏེ་གོང་གི་ལོ་ཚིགས་དེ་དག་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་ན་བོད་རྒྱལ་ལོ་ཞེས་བརྗོད་དཀའ་བ་ཡིན་ཏེ། སྐབས་དེར་བོད་ཅེས་པའི་མིང་གིས་ཁྱབ་ཁོངས་ནི་ཡུལ་ཡར་ཀླུང་ཙམ་ལས་ཁྱབ་ཀྱི་མེད་ལ། ཀོང་པོ་བོད་ཀྱི་མངའ་ཁོངས་ནི་ཕྱིས་སུ་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་སྐབས་སུ་གཞི་ནས་དབང་དུ་བསྡུས་པ་ཡིན་ཏེ།