གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

༡རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྗེས་པུར་སྒམ་གཙང་ཆུའི་གཞུང་དུ་བཏང་བ་དང༌། སྲས་གཉིས་ཀྱང་ཀོང་ཡུལ་དུ་སྤྱུགས་ཚུལ་གསལ་ཡོད། ༢ལོ་ངམ་ཚང་གི་ཕྱོགས་གཏོགས་རྷེའི་རིགས་དང༌། རྒྱལ་པོ་ཚང་གི་ཕྱོགས་གཏོགས་བཀྲགས་ཀྱི་རིགས་རྒྱུད་གཉིས་པོའི་དབར་ན་འགལ་འདུ་ཤུགས་ཆེན་བྱུང་སྟེ་རྷེའི་ཕྱོགས་ནས་བཀྲགས་ཀྱི་ཕྱོགས་ལ་མི་རྒྱུད་རྩ་བརླག་ཏུ་གཏོང་ལ་ཉེ་བའི་སྐབས་དེར་བཀྲགས་ཀྱི་ཕྱོགས་གཏོགས་སྦྲུམ་མ་ཞིག་གཞན་དུ་བྲོས་ཏེ། རུ་ལ་སྐྱེས་ཞེས་པ་དེ་བཙེས་པ་དང༌། རུ་ལ་སྐྱེས་ནར་སོན་དུས་ཀོང་ཡུལ་ཕྱོགས་སུ་རྗེ་བོ་འཚོལ་དུ་སོང་བས་སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་མཇལ་ཞིང་རྒྱལ་རབས་སླར་གསོ་དང༌། རྒྱལ་པོ་གྲི་གུམ་བཙན་པོའི་བང་སོ་འཚོལ་སྒྲུབ་ཇི་ལྟར་བྱས་པའི་རྒྱུད་རིམ། དེ་བཞིན་རྒྱལ་པོ་ཚང་དབང་ཐང་ཡང་སྐྱར་དར་མགོ་ཚུགས་སོང་ན། སྐབས་དེར་ལོ་ངམ་གྱི་ཕྱོགས་གཏོགས་སྡོད་བཟོད་མི་བདེ་བའི་ལྕེབས་བཟུང་བསད་ཅིང་བཙོན་འཇུག་སོགས་བྱས་པས། སྡེ་དུད་སླར་བཙན་པའི་མངའ་རིས་སུ་དབང་དུ་བསྡུས་ལུགས། རྒྱལ་སྲིད་ཀྱི་དབང་ཐང་གྱེན་དུ་འཕྱུར་མགོ་ཚུགས་སོང་བས་གཅེན་ཤ་ཁྲི་དགའ་སྐྱོ་འདྲེས་མའི་མགུར་གླུ་བླངས་པའི་གནས་ལུགས་སོགས་གསལ་ཡོད། ༣རྒྱལ་པོའི་ཕྱོགས་གཏོགས་ནས་ཐབས་ཤེས་ཡོད་རྒུ་བཏོན་ཏེ། མཐའ་དོན་ལ་ཁྱི་ཞིག་གི་སྤུ་ལ་མོན་དུག་སྦྱར་ནས་ལོ་ངམ་བསད་ཐུབ་པའི་རྒྱལ་པོ་ཚང་གིས་ཤ་ལན་ལོན་ཚུལ་གསལ་ཡོད་པ་རེད། གཞན་ཡང༌། ལེའུ་ཚན་དེའི་ནང་དུ། ཡིད་ཆེས་དཀའ་བའི་ལྷ་སྒྲུང་ལྟ་བུའང་མི་ཉུང་བ་ཞིག་བཤད་ཡོད། དཔེར་ན། གྲི་གུམ་བཙན་པོ་བཀྲོངས་སྟངས་ཀྱི་སྐོར་དང༌། རུ་ལ་སྐྱེས་ཀྱིས་གྲི་གུམ་བཙན་པོའི་པུར་སྒམ་བླུ་ཡོན་ལ་མིའི་མིག་བྱ་མིག་ལྟར་འོག་ནས་ཡས་འགེབས་ཅན་མི་སྲིད་པ་ལྟ་བུ་ཞིག་དགོས་པའི་ཆ་རྐྱེན་བཏོན་པ་ལྟར། དེ་བཞིན་དུ་འཚོལ་དུ་སོང་བ་ལའང་དེ་ལྟ་བུ་ཞིག་རྙེད་ཅིང་དེས་པུར་སྒམ་བླུས་པའི་གནས་ལུགས་ཡ་ཚན་ཆེ་བ་མང་དུ་གསལ་ཡོད་པ་དེ་དག་རེད། ༑ འདིའི་ཐད་དུ་ཏུན་ཧོང་ཡིག་ཆ་དང་མི་འདྲ་ས་ཞིག་ལ། ཆོས་འབྱུང་མཁས་དགའ་སོགས་ལས། ལོ་ངམ་གྱིས། ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། །རྟ་འཚོལ་ཕྱིན་ཏེ་གཉིས་ལོག་རྨི་ལམ་དུ། །མི་དཀར་མཛེས་པ་ཞིག་དང་བཤོས་པ་རྨིས། །སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང༌། །ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས། །འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན། །དྲོད་ཀྱིས་བཙོས་པས་དེ་ཡི་ནང་ནས་ནི། །ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་བྱུང༌། །རུ་ལས་སྐྱེས་དང་ངར་སོས་པོ་ཞེས་བཏགས། །ཞེས་གསལ་བ་ལྟར། རང་རེའི་ལོ་རྒྱུས་ཕལ་མོ་ཆེར་རུ་ལ་སྐྱེས་ཞེས་པ་འདི་ཉིད་རྒྱལ་པོ་གྲི་གུམ་བཙན་པོའི་བཙུན་མོ་དང་ཡར་ལྷ་ཤམ་པོའི་སྤྲུལ་པ་གཉིས་འདུས་པ་ལས་བྱུང་བར་བཤད། བཤད་སྒྲོས་དེ་ལ་བལྟས་ན། རུ་ལ་སྐྱེས་ནི་ལྷ་ཡར་ལྷ་ཤམ་པོ་དང་གྲི་གུམ་བཙན་པོའི་བཙུན་མོ་གཉིས་འདུས་པ་ལས་བྱུང་བ་ལྟ་བུ་བསམས་འདུག་ན། མི་དང་མི་མིན་གཉིས་འདུས་པ་ལས་མིའུ་བཙས་ཏེ། རླབས་ཆེན་གྱི་བྱ་གཞག་འདི་འདྲ་བསྒྲུབས་པ་ནི་བྱུང་མིན་གྱི་དཔེ་དང་མཚུངས་ཤིང༌། དེ་ལ་ཞིབ་ཏུབ་བསམས་ན། ལྷ་ཡར་ལྷ་ཤམ་པོ་ཡིན་པར་འདོད་པའི་མི་དཀར་མཛེས་པ་ཟེར་བ་དེ་ནི་དོན་དམ་ལ་བློན་པོ་ལོ་ངམ་ཡིན་པ་འཁྲུལ་མེད་རེད། ཅིའི་ཕྱིར་ཞེ་ན། ལོ་ངམ་གྱིས་གྲི་གུམ་བཀྲོངས་རྗེས་གྲི་གུམ་གྱི་བཙུན་མོ་རང་ཉིད་ཀྱི་རྟ་རྫི་ལ་དབང་དུ་བསྒྱུར་སོང་ཞིང༌། དེའི་རྗེས་སུ་གྲི་གུམ་གྱི་བཙུན་མོར་བུ་ཞིག་ཀྱང་སྐྱེས་པ་དང༌། དེའི་ཐད་ཕ་ཡར་ལྷ་ཤམ་པོ་ལ་ཁ་འདོགས་བྱེད་དགོས་བྱུང་བའི་གནས་ལུགས་ཀྱིས་སོ། །དེ་ཡང་ཕ་ཡར་ལྷ་ཤམ་པོ་ལ་ཁ་འདོགས་བྱེད་དགོས་དོན་ཅི་ཞེ་ན་རྒྱུ་མཚན་གཉིས་ཏེ། དང་པོ། ལོ་ངམ་གྱི་ཕྱོགས་ནས་ཕ་ལོ་ངམ་རང་ཉིད་ཡིན་པར་ཁས་བླངས་ན། ལོ་ངམ་རང་ཉིད་ཀྱི་དབང་དུ་ཚ་ཚ་འུར་འུར་དུ་འདུ་བཞིན་པའི་མི་མང་རྣམས་ཀྱིས་ལྟ་སྟངས་སྡུག་ཏུ་འགྲོ་ཉེན་ཡོད་པ་དང༌། ལོ་ངམ་རང་ཉིད་ཀྱང་རང་གི་དགྲ་ཟླའི་ཕྱོགས་སུ་རིགས་རྒྱུད་བཙས་ན་ངོ་ཚ་དང་རིན་ཐང་ཆུང་ཞིང་མི་མང་གྱེན་ལངས་བྱེད་པའི་ཉན་ཁ་ཡོད་པ། ལོ་ངམ་རང་ཉིད་སྟོབས་འབྱོར་དབང་ཐང་ཆེ་བའི་སྐབས་དེར་དགྲ་ཕྱོགས་དང་འབྲེལ་བའི་ཕྲུ་གུ་བདག་བྱ་འདོད་མེད་པ་ཡིན་ཚོད་རེད། དེ་བཞིན་དཔེ་མཚོན་ཡོད་དེ། ས་སྐྱའི་སྐབས་སུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གཡོག་མོ་ཞིག་ལ་འཁྲུངས་པའི་རྒྱུ་མཚན་གྱིས་བདག་མ་བྱས་ནས་རྒྱ་ནག་ཏུ་སྤྱུགས་པ་ལྟ་བུ་ཡོད། གཉིས་པ། གྲི་གུམ་བཙུན་མོའི་ཕྱོགས་ནས་བཤད་ནའང༌། རྒྱལ་པོ་ཚང་གི་སྲིད་དབང་བཅོམ་མཁན་དང༌། རྒྱལ་སྲས་རྒྱང་ཕུད་དུ་གཏོན་མཁན། ལྷག་པར་རང་ཉིད་ཀྱི་ཟླ་བོ་བཀྲོངས་མཁན་གྱི་རིགས་རྒྱུད་ཅིག་ཕྲུ་གུའི་ཕ་ཡིན་ལུགས་འགྲེལ་ན་དགྲ་གཉེན་གཉིས་ཀའི་སྤྱི་ཚོགས་ནས་མ་བུ་གཉིས་རང་བཞིན་གྱིས་བུད་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་ཟད། མ་བུ་གཉིས་ཀའི་ཚེ་སྲོག་ཀྱང་ཐོན་རྒྱུ་དཀའ་མོ་ཡིན་པ་དང༌། རུ་ལ་སྐྱེས་ཀྱི་ཕ་ལོ་ངམ་ཡིན་པའི་སྔར་ནས་བརྡ་སྤྲད་དེ་ཚར་ལོང་བྱུང་ན་མའི་བསམ་འདུན་བཞིན་རྒྱལ་སྲིད་སླར་གསོ་ལའང་ཐེ་ཚོམ་ཆེན་པོ་ཡོད་པ་སོགས་ཀྱིས་རུ་ལ་སྐྱེས་ཀྱི་ཕ་ནི་རྟོག་བཟོ་ལྷ་སྒྲུང་ལྟ་བུའི་ཡར་ལྷ་ཤམ་པོ་ལ། མ་བྱས་ཁ་འདོགས་བྱེད་དགོས་ཤར་ཡོད་ངེས་རེད་སྙམ།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།      ས་རཱ་མཐོ་སློབ། ངག་དབང་བྱམས་པས།