ནང་པས་བདག་མེད་འདོད་ཚུལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༠
འདོན་ཐེངས་སྔོན་མའི་འཕྲོས། དེའི་ཐོག་ལ་ང་ཟེར་བ་དེ་ཕུང་པོ་ལ་བརྟེན་ནས་གྲུབ་བསྡད་པ་ཞིག་རེད་དེ། བློ་ལ་ཤར་བའི་སྐབས་སུ་ང་ཡི་ལུས་སེམས་གཉིས་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུ། རང་མཚན་པ་འདྲ་པོ་ཞིག རྗེ་བོ་ཟེར་བ་དཔོན་པོ་དང༌། ལུས་སེམས་གཉིས་དེ་དབང་བསྒྱུར་བྱ་ཁུར་པོ་ལྟ་བུ། ལུས་སེམས་གཉིས་ལ་དབང་སྒྱུར་མཁན་བདག་དེ་རྗེ་བོ་ལྟ་བུ་ཞིག་བློ་ལ་ཤར་ནས་ངའི་ལུས། ངའི་སེམས་ཞེས་དཔེར་ན། ང་ཡི་སེམས་ལ་བདག་པོ་རྒྱག་མཁན་སེམས་ལ་ཆགས་སྡང་ཉུང་དུ་གཏོང་བ་ལྟ་བུ། སེམས་ལ་བྱམས་སྙིང་རྗེ་ཤུགས་ཆེ་རུ་གཏོང་བའི་བཟོ་འདྲ་པོ་ཞིག་ང་དེ་ཡིས་རྩོལ་བ་བྱེད་ཀྱི་འདུག་གཱ བྱས་ཙང་རྩོལ་བ་བྱེད་ཀྱི་ཡོད་པ་དེ་སེམས་ལ་དབང་བསྒྱུར་བ་ལྟ་བུ་ཞིག་འདུག་གཱ ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་དེ་སེམས་ཀྱིས་དབང་དུ་བསྒྱུར་བ་འདྲ་པོ་འདུག

ནད་ན་ཚ་ཡིན་ནའང་སོ་སོས་སྤྱོད་ལམ་བསྟེན་སྟངས་མ་འགྲིག་པ་དང༌། ཁ་ལག་ཟ་སྟངས་མ་འགྲིག་པ། ཡང་ན་ཕྱི་ལོགས་ཀྱི་འབྱུང་བ་འཁྲུགས་པ་ལ་བརྟེན་ནས་སྡུག་བསྔལ་དེ་ཡོང་གི་ཡོད་རེད། དེ་བཞིན་ཚོར་བ་བདེ་སྡུག་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་དགོས་ཀྱི་རེད། རྒྱུ་དང་རྐྱེན་དེ་ཕྱི་ལོགས་རྐྱང་རྐྱང་མ་ཡིན་པར་ནང་ལ་ཡང་རག་ལས་ཀྱི་རེད། དཔེར་ན། ན་ཚ་ཞིག་ལ་ཆ་བཞག་ན། མི་སེམས་སྟོབས་ཆེ་ཆུང་དབང་གིས་སྡུག་བསྔལ་ཆེ་ཆུང་ཡོང་གི་རེད། མི་ཏོག་ཙམ་བློ་ཁོག་ཆེན་པོ་ཡོད་མཁན་ཞིག་ཆམ་པ་ན་བ་ཡིན་ན་དེ་ཙམ་གྱིས་སྐྱོན་གྱི་མ་རེད། མི་བློ་ཁོག་ཆུང་ཆུང་ཡོད་མཁན་ཞིག་ཡིན་ན། ཆམ་པ་ཙམ་ན་བ་ཡིན་ན་ཡང་སྡུག་སྐད་ཞེ་བོ་རྒྱག་གི་འདུག་གཱ་དེ་ག་རེ་རེད་ཟེར་ན། ན་ཚ་གཅིག་པ་གཅིག་རྐྱང་ཡིན་ཡང་སེམས་སྟོབས་ཆེ་ཆུང་གི་དབང་གིས་བཟོད་བསྲན་ཡོད་མཁན་དེ་ལ་སྡུག་བསྔལ་ཆུང་ཆུང་དང༌། བཟོད་བསྲན་མེད་མཁན་ལ་སྡུག་བསྔལ་ཆེན་པོ་ཆགས་ཀྱི་རེད།